ལིའུ་གོ་ཀྲུང་གིས་བོད་དུ་བརྟག་ཞིབ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚེས་17ཉིན་ནས་ཚེས་19ཉིན་བར་བོད་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་མི་ཐོན་པ་བྱེད་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་ཏན་ཏིག་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ལིའུ་གོ་ཀྲུང་གིས་ཆུ་ཤུར་རྫོང་དང་། པ་སྣམ་རྫོང་། ས་སྐྱ་རྫོང་བཅས་ཀྱི་དབུལ་སྒྲོལ་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་ལ་འཚམས་འདྲི་གནང་ནས་ཡུལ་གཞན་དུ་གནས་སྤོས་རྗེས་མུ་མཐུད་རོགས་སྐྱོར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ནས་དབུལ་སྒྲོལ་མང་ཚོགས་ཀྱི“སེམས་ཁྲལ་མེད་པ་གཉིས་དང་། འགན་སྲུང་གསུམ” ལས་ཞུགས་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། ངེས་པར་དུ་སྲ་བརྟན་དང་རྒྱ་བསྐྱེད་ཡག་པོ་གཏོང་དགོས། “མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ། བར་བརྒལ་དུས་སྐབས་ནང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས། དབུལ་པོ་བསྐྱར་ལོག་མི་ཡོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གློ་བུར་དུ་དཀའ་ངལ་འཕྲད་ནས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་སྲིད་པའི་ཞིང་འབྲོག་མང་ཚོགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ནས་རོགས་སྐྱོར་ནུས་ལྡན་བྱེད་དགོས།བློ་སྐྱོར་རིག་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ཏེ་ཁོང་ཚོར་རང་ངོས་ཀྱི་འབད་འཐབ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་ཡུལ་གཞན་དུ་གནས་སྤོས་་བྱས་རྗེས་མུ་མཐུད་རོགས་སྐྱོར་ཡག་པོ་བྱས་ཏེ་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་རྣམས་ས་ཆ་དེ་རང་དུ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འདི་ལོ་བོད་ལྗོངས་སུ་གནམ་གཤིས་ཡག་པོ་བསྟན་པས་སྟོན་འབྲུར་ལོ་ལེགས་ཡོང་རྒྱུའི་རེ་བས་ཁེངས་ཡོད་པ་རེད། ལིའུ་གོ་ཀྲུང་གིས་ས་གནས་ས་ཐོག་ཏུ་ནས་ཀྱི་སྟོན་བསྡུའི་གནས་ཚུལ་ལ་ལྟ་ཞིབ་གནང་ནས་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་ཉུང་མ་དང་། མ་རྨོས་ལོ་ཏོག ནས་ནག་སོགས་ཚོད་ལྟའི་འདེབས་འཛུགས་འཕེལ་རིམ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། “སྟོན་གསུམ”གྱི་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། ཞིང་ལས་འཕྲུལ་ཆས་བཀོད་གཏོང་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྟོན་བསྡུའི་ལས་ཀར་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་དེ་བཞིན་སྟོན་དགུན་གྱི་སོ་ནམ་ལ་སྔ་ཙམ་ནས་ཇུས་འགོད་བཅས་བྱེད་དགོས། ནས་སོགས་སོན་བཟང་འདེམས་གསོ་དང་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་བའི་ཞིང་ཁ་དང་དེང་རབས་གསོ་ཚགས་ར་བ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལ་གཞི་ཚུགས་ནས“ཡུལ་ཟོག”ཡག་པོ་གཉེར་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་གོ་ཀྲུང་ད་དུང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བསྐྱོད་དེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་རིམས་འགོག་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། སྟོན་དགུན་གཉིས་ནི་དབུགས་ལམ་སོགས་ཀྱི་འགོ་ནད་ཐོན་མང་བའི་དུས་ཚོད་ཡིན་པས། ད་ཡོད་ཀྱི་རིམས་འགོག་མ་ལག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རྒྱུན་རྣམ་ཅན་གྱི་ཏོག་གསར་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་མུ་མཐུད་ཡག་པོ་སྒྲུབ་དགོས་པ་དང་། འགོག་བཅོས་སྨན་རྫས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། དོན་དངོས་ལ་གཞི་ཚུགས་ནས་སྨན་ཁང་སྒྱུར་བའི་གྲ་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།