བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག
(1992ལོའི་ཟླ་6ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2003ལོའི་ཟླ་7ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་མ་བཅོས་ཐེངས་དང་པོ་བྱས། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག〉སོགས་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2013ལོའི་ཟླ་7ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་4ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2018ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་མ་བཅོས་ཐེངས་གཉིས་པ་བྱས། 2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་6ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2023〕ཡིག་ཨང་5པ།
《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2023ལོའི་ཟླ་དང་པོའི་ཚེས་18ལ།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ལྟ་སྐུལ་དོ་དམ།
ལེའུ་གསུམ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན།
ལེའུ་བཞི་པ། སྦགས་བཙོག་དང་དེ་མིན་གྱི་སྤྱི་གནོད་འགོག་བཅོས།
ལེའུ་ལྔ་པ། ཁོར་ཡུག་གི་ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་དམངས་ཐེ་ཞུགས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བདུན་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་དང་། སྦགས་བཙོག་དང་དེ་མིན་གྱི་སྤྱི་གནོད་འགོག་བཅོས། སྤྱི་དམངས་ཀྱི་བདེ་ཐང་འགན་སྲུང་། སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན། སྦགས་བཙོག་དང་དེ་མིན་གྱི་སྤྱི་གནོད་འགོག་བཅོས། དེ་བཞིན་ལྟ་སྐུལ་དོ་དམ་གྱི་བྱེད་སྒོ་བཅས་ལ་སྤྱད་ན་འཐུས།
དོན་ཚན་གསུམ་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྲུང་སྐྱོབ་སྔོན་འགྲོ་དང་། སྔོན་འགོག་གཙོར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང་། སྤྱི་དམངས་ཐེ་ཞུགས། གཏོར་སྐྱོན་འགན་འཁུར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས།
དོན་ཚན་བཞི་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱ་རྒྱུ།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་བདེ་འཇགས་ཡོང་བའི་རྨང་གཞིའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་། འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་གཉིས་མཐུན་སྦྱོར་ཡོང་བ་བྱེད་དགོས།
དོན་ཚན་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁོར་ཡུག་གི་སྤུས་ཚད་ལ་འགན་ཁུར་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གཅིག་གྱུར་ལྟ་སྡོམ་བྱ་རྒྱུ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཐོན་ཁུངས་སྲུང་སྐྱོབ་དང་སྦགས་བཙོག་འགོག་བཅོས་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བར་ཁྲིམས་བཞིན་ལྟ་སྡོམ་བྱ་རྒྱུ།
ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་བྱེད་ཁང་། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་བཅས་ཀྱིས་ངེས་པར་དུ་ས་ཁོངས་དེ་གའི་ནང་གི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།
གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་ཡུལ་སྲོལ་དམངས་ཆིངས་ནང་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་འབྲེལ་ཡོད་ནང་དོན་གཏན་འབེབས་བྱེད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མ་ཁྱབ་གདལ་བེད་སྤྱོད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།
ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་གིས་ངེས་པར་དུ་ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པ། ནུས་རྒྱུ་བསྲི་ཚགས་དང་སྦགས་བཙོག་ཉུང་གཏོང་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བཤིག་གཏོང་རིགས་བཀག་འགོག་དང་ཉུང་དུ་གཏོང་བ། གཏོར་སྐྱོན་བཏང་བར་ཁྲིམས་ལྟར་འགན་འཁྲི་འཁུར་བ་བཅས་བྱེད་དགོས།
སྤྱི་དམངས་ཀྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྟབས་བདེ་འཚམ་རན་དང་། ཐཱན་ཉུང་གྲོན་ཆུང་། ཡ་རབས་སྐྱོན་བྲལ་བཅས་ཀྱི་འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་ལ་བརྟེན་ནས་རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་སྒྲུབ་དགོས།
དོན་ཚན་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ནོར་སྲིད་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།
རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་སྣེ་མང་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་བསྡུ་གཏོང་ལམ་སྲོལ་བཙུགས་ཏེ་རིགས་འདྲ་མིན་གྱི་མ་དངུལ་ཁག་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་སྤྱོད་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། ནུས་རྒྱུ་གྲོན་ཆུང་དང་། ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད། སྐྱེ་ཁམས་སླར་གསོ། སྦགས་བཙོག་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། ཁྱབ་གདལ་བེད་སྤྱོད་བཅས་ལ་སྐུལ་ལྕག་གཏོང་དགོས།
དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
སློབ་གསོའི་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དེ་སློབ་གྲྭའི་སློབ་གསོའི་ནང་དོན་ཁོངས་སུ་བཅུག་ནས་སློབ་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
གསར་འགྱུར་སྨྱན་སྦྱོར་ཁག་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་ལ་གནོད་པའི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་གླེང་ཕྱོགས་ཐོག་ནས་ལྟ་སྐུལ་བྱེད་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའི་ཆེད་སྤྱོད་མ་དངུལ་འཛུགས་དགོས།
ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པའི་ཚན་པ་དང་མི་སྒེར་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བྱ་དགའ་སྤྲོད་དགོས།
ལེའུ་གཉིས་པ། ལྟ་སྐུལ་དོ་དམ།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་བཙུགས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། གྲོང་ཁྱེར(ས་གནས) རྫོང་རིམ་མི་དམངས་སྲིད་གཞུང་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱས་ཚུལ་སོགས་ལ་ལྟ་ཞིབ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་མི་ཁུར་བའམ་ཡང་ན་འགན་འཁྲི་ཡག་པོ་མི་ཁུར་མཁན་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། གྲོང་ཁྱེར(ས་གནས)ཁག རྫོང་རིམ་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་གཙོ་འགན་འཁུར་མིར་སྐོང་འདྲི་བྱེད་དགོས། སྐོང་འདྲི་བྱ་རྒྱུ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར་བྱེད་དགོས་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་མངགས་བཅོལ་གྱིས་ལག་བསྟར་བྱས་ན་ཆོག
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀའི་དཔྱད་ཞིབ་ལམ་ལུགས་འཛུགས་པ་དང་། ལོ་འཁོར་མོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེའི་འགན་འཁུར་བ་དང་། འོག་རིམ་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་བར་དཔྱད་ཞིབ་བྱེད་པའི་ནང་དོན་ཁོངས་སུ་འཇུག་དགོས། དཔྱད་ཞིབ་བྱས་འབྲས་དེ་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་དང་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་ཚེ་གང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་དགོས།
གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གོང་རིམ་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་དང་། སྲིད་འཛིན་ས་ཁོངས་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་གཞིར་བཟུང་རིམ་མཚུངས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ནས་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁོར་ཡུག་སྤུས་ཚད་ཚད་གཞི་དང་། དེ་བཞིན་ས་ཁོངས་མི་འདྲ་བའི་བྱེད་ནུས་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་དགོས་མཁོ་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་གི་ནུས་པ་ཐོན་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ནས་རིམ་མཚུངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་དགོས། ཁོར་ཡུག་ནུས་པ་ཐོན་ཁུལ་ཁག་ལ་བབ་མཚུངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་དང་། སྦགས་བཙོག་དངོས་རིགས་འབུད་གཏོང་དང་ལྟ་སྡོམ་བྱ་རྒྱུའི་གཏན་འབེབས་ལག་བསྟར་བྱེད་དགོས།
གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་མ་ཟད་ཁྱབ་བསྒྲགས་བྱས་ནས་ལག་ལེན་དུ་བསྟར་བའི་ཁོར་ཡུག་གི་ནུས་པ་ཐོན་ཁུལ་ཁག་ངེས་པར་དུ་གོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་འཕྲལ་མར་སྙན་ཐོ་དཔོ་དགོས།
དོན་ཚན་བཅུ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དང་། ཁོར་ཡུག་གི་ནུས་པ་ཐོན་ཁུལ་དབྱེ་འབྱེད། ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་དམར་ཐིག་བཅས་ལ་གཞིགས་ཏེ། ཁྱད་པར་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འཇུག་འཁྲོལ་ལམ་ལུགས་ལག་བསྟར་བྱེད་དགོས། ཐོན་ཁུངས་ཟད་གྲོན་ཆེ་བ་དང་། ནུས་རྒྱུ་འཛད་སྤྱོད་ཆེ་བ། སྦགས་བཙོག་འབུད་ཚད་མཐོ་བ་བཅས་ཀྱི་ཐོན་ལས་དང་རྣམ་གྲངས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏན་འབེབས་དང་མི་མཐུན་པའི་ལག་རྩལ་དང་། སྒྲིག་བཀོད། བཟོ་རྩལ་བཅས་ནང་འདྲེན་བྱེད་རིགས་ནན་འགོག་བྱེད་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུ། རང་འགུལ་རྒྱུན་མཐུད་ཀྱི་ལྟ་ཞིབ་ཚད་ལེན་སོགས་སྔོན་ཐོན་ལྟ་ཞིབ་ཚད་ལེན་གྱི་བྱེད་ཐབས་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་བཞིན་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་དང་རྒྱུན་དུ་ལྟ་ཞིབ་ཚད་ལེན་ཐུབ་པ་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་དང་། སྦགས་བཙོག་ཡོང་ཁུངས་ཀྱི་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན། ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་སོགས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་བྱེད་སྒོ་སྤེལ་རྒྱུར་སྒྲིག་འཛུགས་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི། ལག་རྩལ་གྱི་ཚད་གཞི་བཅས་བཟོ་དགོས་པ་མ་ཟད་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་མཉམ་སྤྱོད་དང་ཆ་འཕྲིན་གཅིག་གྱུར་ཁྱབ་བསྒྲགས་བྱེད་པའི་ལམ་སྲོལ་འཛུགས་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱེད་པའམ་ཡང་ན་འབྲེལ་ཡོད་ཆེད་ལས་ཚན་པ་མངགས་བཅོལ་བྱས་ནས་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་དང་ཚོད་སྐོར་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ཐེག་ནུས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་དགོས།
དོན་ཚན་བཅུ་དྲུག་པ། ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་ས་ཚུགས(གནས)ཁག་དང་སྦགས་བཙོག་ཡོང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་གནས་འཛུགས་རྒྱུ་དེ་ངེས་པར་དུ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་ལྟ་ཞིབ་ཚད་ལེན་གྱི་ཚད་གཞིའི་བླང་བྱ་དང་མཐུན་དགོས།
ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚུགས(གནས)དང་སྦགས་བཙོག་ཡོང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་གནས་རང་མཚམས་ཀྱིས་མེད་པར་བཟོ་བའམ་ཡང་ན་འགྱུར་ལྡོག་གཏོང་རིགས་གཏན་འགོག་བྱེད་དགོས།
ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཚད་གཞི་ལྟར་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྒྲུབ་དགོས་པ་དང་། སྤུས་ཚད་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་ཞུ་དགོས། ལྟ་ཞིབ་ཚད་ལེན་ཚན་པ་དང་དེའི་འགན་འཁུར་བས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཇི་མ་ཇི་བཞིན་དང་ཡང་དག་ཡོང་རྒྱུར་འགན་ཁུར་དགོས།
དོན་ཚན་བཅུ་བདུན་པ། བཙོག་དངོས་འབུད་གཏོང་བྱེད་མཁན་ཁེ་ལས་བྱ་གཞག་ཚན་པ་དང་དེ་མིན་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་རང་སོ་སོས་འབུད་གཏོང་བྱས་པའི་བཙོག་དངོས་ལ་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས་ནས་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱེད་རིགས་དང་ལེན་ཞུ་རྒྱུ་དང་། འབྲེལ་ཡོད་དཔྱད་ཡིག་འདོན་སྤྲོད་དང་དགོས་ངེས་ཀྱི་ལས་ཀའི་མཐུན་རྐྱེན་སྐྲུན་དགོས་པ་ལས། དང་ལེན་མི་བྱེད་པ་དང་། བཀག་འགོག ནར་འགྱངས་བཅས་བྱེད་མི་ཆོག
གཙོ་གནད་བཙོག་འབུད་ཚན་པས་ངེས་པར་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། རང་འགུལ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་དང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱི་ལྟ་སྡོམ་ལས་སྟེགས་དང་དྲ་སྦྲེལ་བྱས་ནས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཇི་མ་ཇི་བཞིན་དང་ཕན་འབྲས་ཐོན་པ་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་གསར་སྤེལ་བེད་སྤྱོད་ཀྱི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱེད་སྐབས་ངེས་པར་དུ་ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱས་ནས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་གསལ་བཤད་དམ་ཡང་ན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་འབྲི་དགོས། ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱས་མེད་པའི་གསར་སྤེལ་བེད་སྤྱོད་ཀྱི་འཆར་འགོད་རིགས་སྒྲིག་འཛུགས་ལག་བསྟར་བྱེད་མི་ཆོག
དོན་ཚན་བཅུ་དགུ་པ། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་སྦགས་བཙོག་དང་ཁོར་ཡུག་ལ་གཏོར་སྐྱོན་བཟོ་ཉེན་ཡོད་ཚེ། ངེས་པར་དུ་ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱེད་དགོས། ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱས་མེད་པའམ་ཡང་ན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱས་ཡོད་རུང་། ཆོག་མཆན་ཐོབ་མེད་པའི་འཛུགས་སྐྲུན་རྣམ་གྲངས་རིགས་ལས་འགོ་འཛུགས་མི་ཆོག
འཛུགས་སྐྲུན་ཚན་པ་དང་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱེད་མཁན་ལས་ཁུངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱེད་རིང་། མི་བདེན་རྫུན་སྒྲིག་མི་བྱེད་པར་ངེས་པར་དུ་གཞི་གྲངས་སམ་ཡང་ན་དཔྱད་གཞིའི་ཡིག་རིགས་ཇི་མ་ཇི་བཞིན་འདོན་སྤྲོད་བྱེད་དགོས།
དོན་ཚན་ཉི་ཤུ་པ། རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཁོར་ཡུག་ཚོར་སྐྱེན་ཁུལ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་རིགས་གསར་སྐྲུན་དང་། སྒྱུར་སྐྲུན། རྒྱས་སྐྲུན། ལག་རྩལ་བསྒྱུར་བཀོད་བཅས་བྱེད་དགོས་ཚེ། ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས།
དོན་ཚན་ཉེར་གཅིག་པ། ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ཚད་ལས་བརྒལ་བ་དང་། ཁོར་ཡུག་སྤུས་ཚད་ཀྱི་དམིགས་ཚད་བླང་བྱར་སླེབས་མེད་པ། སྒོ་བྱང་བཀལ་ནས་སྒྲུབ་སྐུལ་ལམ་ཡང་ན་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་ཀྱང་ལེགས་སྒྲུབ་བྱུང་མེད་པ་བཅས་ཀྱི་ས་ཁུལ་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དེའི་གཙོ་གནད་བཙོག་དངོས་འབུད་གཏོང་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་གསར་སྣོན་གྱི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ཡིག་ཆར་གནས་སྐབས་ཞིབ་མཆན་འགོད་མཚམས་འཇོག་དགོས།
དོན་ཚན་ཉེར་གཉིས་པ། རྣམ་གྲངས་འཛུགས་སྐྲུན་དང་ལས་གཉེར་བྱེད་རིང་ཞིབ་མཆན་ཐོབ་པ་བརྒྱུད་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ཀྱི་ཡིག་ཆ་དང་མི་མཐུན་པའི་གནས་ཚུལ་ཐོན་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་རྗེས་མའི་ཞིབ་དཔྱད་ལས་དོན་སྒྲིག་འཛུགས་བྱས་ནས་ལེགས་བཅོས་ཀྱི་བྱ་ཐབས་སྤྱོད་དགོས་པ་མ་ཟད། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ཡིག་ཆར་ཞིབ་མཆན་འགོད་མཁན་དེ་སྔའི་སྡེ་ཚན་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགོད་མཁན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ཡིག་ཆར་ཞིབ་མཆན་འགོད་མཁན་དེ་སྔའི་སྡེ་ཚན་གྱིས་ཀྱང་འཛུགས་སྐྲུན་ཚན་པར་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་རྗེས་མའི་ཞིབ་དཔྱད་བྱེད་འགན་འཁུར་དུ་འཇུག་རྒྱུ་དང་ལེགས་བཅོས་ཀྱི་བྱ་ཐབས་སྤྱད་ཆོག
དོན་ཚན་ཉེར་གསུམ་པ། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་སྐོར་གྱི་སྙན་ཞུ་བཟོ་འགོད་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཕྱིན། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཁོར་ཡུག་ལ་ལྟ་སྡོམ་བྱ་རྒྱུ་སྒྲིག་འཛུགས་དང་། ཁོར་ཡུག་ལྟ་སྡོམ་གྱི་འགྲོ་གྲོན་དེ་རྣམ་གྲངས་མ་འཇོག་གི་རགས་རྩིས་ནང་འཇུག་དགོས།
ཁོར་ཡུག་ལྟ་སྡོམ་ལས་ཁུངས་ཀྱིས་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་དང་དེའི་ཞིབ་མཆན་བསམ་འཆར་ལ་གཞིགས་ནས་ཨར་སྐྲུན་ཚན་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་བཀོད་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་དགོས།
ཁོར་ཡུག་ལྟ་སྡོམ་ལས་ཁུངས་ཀྱིས་འཛུགས་སྐྲུན་རྣམ་གྲངས་ཐོན་སྐྱེད་དམ་ཡང་ན་ལས་གཉེར་མ་བྱས་གོང་ངེས་པར་དུ་ཁོར་ཡུག་ལྟ་སྡོམ་གྱི་སྙན་ཞུ་བྲིས་ནས་འཛུགས་སྐྲུན་ཚན་པར་འབུལ་དགོས་པ་མ་ཟད། རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་གསལ་ཞུ་བྱེད་དགོས། ཁོར་ཡུག་ལྟ་སྡོམ་ལས་ཁུངས་ཀྱིས་ཁོར་ཡུག་ལྟ་སྡོམ་གྱི་སྙན་ཞུ་བདེན་པ་ཡིན་མིན་ལ་འགན་འཁུར་དགོས། ཁོར་ཡུག་ལྟ་སྡོམ་ལས་ཁུངས་ཀྱིས་ངེས་པར་དུ་ཁོར་ཡུག་ལྟ་སྡོམ་གྱི་ཡིག་ཚགས་བཟོ་དགོས།
དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙོ་གནད་ཁོར་ཡུག་ལ་ལྟ་སྡོམ་བྱ་ཡུལ་གཏན་འཁེལ་བཟོ་བ་དང་། ཁོར་ཡུག་ལྟ་སྡོམ་གྱི་རིམ་པ་དབྱེ་བ། ཁོར་ཡུག་ལྟ་སྡོམ་གྱི་ཡིག་ཚགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཁོར་ཡུག་ལྟ་སྡོམ་བྱ་ཐབས་ཞིབ་ཚགས་སུ་གཏོང་དགོས།
གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་ཁོར་ཡུག་ལྟ་སྡོམ་གྱི་དྲ་མིག་དབྱེ་བ་དང་། ཁོར་ཡུག་ལྟ་སྡོམ་གྱི་འགན་འཁུར་བ་གཏན་འཁེལ་བཟོ་བ། ཁོར་ཡུག་ལྟ་སྡོམ་གྱི་ཇུས་གཞི་ལག་ལེན་བསྟར་བ་བཅས་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལྟ་སྡོམ་ཁེ་ལས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར(ས་གནས)དང་རྫོང་རིམ་མི་དམངས་སྲིད་གཞུང་གིས་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་འགུལ་ཁྲིམས་སྒྱུར་དང་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དུས་བཀག་ནང་ཁོར་ཡུག་ཐད་ཁྲིམས་སྒྱུར་ཞིབ་བཤེར་བྱེད་པ་དང་། རིགས་འདྲ་མིན་གྱི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད། ཁྲིམས་སྒྱུར་ཆ་འཕྲིན་བརྡ་ཁྱབ་གཏོང་རེས་བྱེད་དགོས།
འབྲེལ་ཡོད་སྡེ་ཚན་གྱིས་རྒྱུན་ལྡན་ལྟ་སྡོམ་བྱེད་པའི་ཁྲོད་ཁོར་ཡུག་ལ་སྦགས་བཙོག་བཟོ་བའམ་ཡང་ན་སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ཐོན་རིགས་སྡེ་ཚན་དེ་གའི་འགན་འཁྲིའི་ཁྱབ་ཁོངས་སུ་གཏོགས་ཕྱིན། ངེས་པར་དུ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས་པ་དང་། སྡེ་ཚན་དེ་གའི་འགན་འཁྲིའི་ཁྱབ་ཁོངས་སུ་མི་གཏོགས་པའི་རིགས་ངེས་པར་དུ་ཁྲིམས་སྒྱུར་བྱེད་དབང་ཡོད་པའི་སྡེ་ཚན་ལ་དུས་ཐོག་ཏུ་རྩིས་སྤྲོད་དགོས།
དོན་ཚན་ཉེར་དྲུག་པ། ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་དེས་མངགས་བཅོལ་བྱས་པའི་ཁོར་ཡུག་ལྟ་སྡོམ་ལས་ཁུངས་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་བཅས་ཀྱིས་ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་མཁན་གཞན་དག་ལ་ཁྲིམས་བཞིན་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་བྱ་ཡུལ་གྱིས་ངེས་པར་དུ་གནས་ཚུལ་ཇི་མ་ཇི་བཞིན་གསལ་ཞུ་བྱེད་དགོས་པ་དང་། དགོས་ངེས་ཀྱི་དཔྱད་ཡིག་འདོན་སྤྲོད་བྱེད་དགོས་པ་ལས། ཞིབ་བཤེར་དང་ལེན་མི་བྱེད་པ་དང་དེར་བཀག་འགོག་བྱེད་པའམ་ཡང་ན་ནར་འགྱངས་བཏང་མི་ཆོག ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་མཁན་སྡེ་ཚན་དང་ལས་ཁུངས། དེའི་ལས་སྒྲུབ་མི་སྣས་ངེས་པར་དུ་ཞིབ་བཤེར་བྱ་ཡུལ་གྱི་ཚོང་ལས་གསང་བ་སྲུང་དགོས། ལས་ཡུལ་དངོས་སུ་ཁྲིམས་སྒྱུར་བྱེད་མཁན་མི་སྣས་གཤམ་གསལ་གྱི་བྱ་ཐབས་ཁག་སྤྱད་ཆོག་པ་སྟེ།
(གཅིག)ལས་ཡུལ་དངོས་སུ་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད་དཔང་ལེན་བྱ་རྒྱུ་མ་ཟད། ཞིབ་བཤེར་བྱ་ཡུལ་ཚན་པའི་འགན་འཁུར་བར་མིང་འགོད་ཁས་ལེན་བྱ་རྒྱུའི་བླང་བྱ་འདོན་རྒྱུ་དང་།
(གཉིས)དགོས་ངེས་ཀྱི་དཔྱད་ཡིག་ལྟ་བཤེར་དང་། པར་སློག གནད་བཤུས་བཅས་བྱས་ཏེ་འདྲ་དཔེ་འཚོལ་བསྡུ་བྱ་རྒྱུ།
(གསུམ)ཞིབ་བཤེར་བྱ་ཡུལ་ཚན་པའི་ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་མངགས་བཅོལ་དང་ལེན་བྱེད་མཁན་འཐུས་ཚབ་པ་ལས་ཡུལ་དངོས་སུ་ཁྲིམས་སྒྱུར་ཞིབ་བཤེར་བྱ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་བཅས་སོ།
དོན་ཚན་ཉེར་བདུན་པ། ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་གིས་བཙོག་དངོས་འབུད་གཏོང་བྱེད་སྐབས་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཐོན་ནས་ཁོར་ཡུག་ལ་སྦགས་བཙོག་བཟོས་པའམ་ཡང་ན་བཟོ་ཉེན་ཡོད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་ཁོར་ཡུག་སྲུང་སྐྱོབ་ལྟ་སྡོམ་འགན་འཁུར་སྡེ་ཚན་གྱིས་བཙོག་དངོས་འབུད་གཏོང་གི་སྒྲིག་བཀོད་དང་སྒྲིག་ཆས་ལ་སྒོ་ཐེལ་རྒྱག་པ་དང་བཙན་ཉར་བྱས་ཆོག་པ་སྟེ།
(གཅིག)འགོས་ནད་ཡོད་པའི་ཟོག་རོ་དང་། ཉེན་ཆེའི་སྙིགས་རོ། འཕྲོ་འགྱེད་སྙིགས་རོ། ལྕགས་རིགས་ཤུགས་ཆེའི་བཙོག་དངོས་བཅས་སམ་ཡང་ན་ཡུན་གནས་རང་བཞིན་གྱི་སྐྱེ་ལྡན་བཙོག་དངོས་སོགས་དུག་ལྡན་དངོས་རིགས་སམ་ཡང་ན་གནོད་ལྡན་དངོས་རིགས་གཞན་དག་ཁྲིམས་འགལ་ངང་འབུད་གཏོང་དང་བསྐྱུར་བའམ་ཡང་ན་ཐག་གཅོད་བྱས་རིགས་དང་།
(གཉིས)རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཁོར་ཡུག་ཚོར་སྐྱེན་ཅན་གྱི་ས་ཁོངས་ནང་ཁྲིམས་འགལ་ངང་བཙོག་དངོས་འབུད་གཏོང་དང་བསྐྱུར་བའམ་ཡང་ན་ཐག་གཅོད་བྱས་རིགས།
(གསུམ)སྦུག་མདོང་དང་། ཆུ་སིམ་ཁྲོན་པ། ཆུ་སིམ་ཆུ་དོང་། ཆུ་འདྲེན་བཅས་སམ་ཡང་ན་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རང་དགར་རྫུན་མ་བཟོ་བ་དང་། ཡང་ན་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་སྐྱོད་མི་བྱེད་པ་སོགས་ལྟ་སྡོམ་ལས་གཡོལ་ནས་ཁྲིམས་འགལ་ངང་བཙོག་དངོས་འབུད་གཏོང་བྱས་རིགས།
(བཞི)ཁྲིམས་འགལ་ངང་བཙོག་དངོས་འབུད་གཏོང་བྱེད་པའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཐད་ཀར་ཐག་གཅོད་བྱས་ཆོག་པ་སྟེ།
(གཅིག)སྲིད་འཛིན་ས་ཁོངས་དེ་གའི་གཙོ་གནད་ཁོར་ཡུག་ལ་སྦགས་བཙོག་བཟོས་པའམ་ཡང་ན་སྐྱེ་ཁམས་གཏོར་བཤིག་བཏང་རིགས་དང་།
(གཉིས)སྲིད་འཛིན་ས་ཁོངས་ལས་བརྒལ་བའི་ཁོར་ཡུག་ལ་སྦགས་བཙོག་བཟོས་པའམ་ཡང་ན་སྐྱེ་ཁམས་ལ་གཏོར་བཤིག་བཏང་རིགས།
(གསུམ)འོག་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་དོན་ཚན་འདིའི་ནང་གསེས་དང་པོ་དང་གཉིས་པའི་བྱེད་སྤྱོད་ཐག་གཅོད་མ་བྱས་པའམ་ཡང་ན་ཐག་གཅོད་ཡག་པོ་མ་བྱས་པའི་རིགས་བཅས་སོ།
དོན་ཚན་ཉེར་དགུ་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས་བཅས་ཀྱིས་ངེས་པར་དུ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁུངས་སྣེ་བརྡ་ཁྱབ་དང་། གྱོད་གཞི་སྐྱེལ་སྤྲོད། གྱོད་གཞིའི་བློ་འདྲི། ཐོན་ཁུངས་མཉམ་སྤྱོད། ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
ཁོར་ཡུག་སྦགས་བཙོག་དོན་རྐྱེན་ཅུང་ཆེ་བ་སོགས་ཛ་དྲག་ཆེ་བའི་གནས་ཚུལ་ཐོན་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ནས་ངེས་པར་དུ་དུས་ཐོག་ལ་མཉམ་འབྲེལ་བརྟག་དཔྱད་བྱེད་དགོས།
ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་ལ་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་བྱེད་པའི་འགན་འཁྲི་བསྒྲུབས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
སྤྱི་བདེ་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས་བཅས་ཀྱིས་ཁོར་ཡུག་སྦགས་བཙོག་གི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཞན་དག་བཅས་ཀྱིས་འོས་སྐུལ་འོས་དཔོད་ཐོག་ནས་འོས་ཐོབ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་མངགས་བཅོལ་གྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཚོད་སྐོར་དང་། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན། ཁོར་ཡུག་ལ་ལྟ་སྡོམ། ཁོར་ཡུག་གི་ལས་གྲྭ་ཇུས་འགོད། དྭངས་གཙང་ཐོན་སྐྱེད། སྦགས་བཙོག་འགོག་སེལ་གྱི་སྒྲིག་བཀོད་འཁོར་སྐྱོད་དང་བདག་སྐྱོང་སོགས་བྱེད་པའི་འབྲེལ་ཡོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་སྒོ་སྤེལ་དགོས།
ཁོར་ཡུག་སྲུང་སྐྱོབ་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་དང་ཆེད་ལས་ལག་རྩལ་མི་སྣར་ངེས་པར་དུ་བབ་མཚུངས་ཀྱི་འོས་ཐོབ་ལྡན་དགོས་པ་མ་ཟད། འོས་ཐོབ་ཀྱི་རིམ་པ་དང་ཁྱབ་ཁོངས་ལྟར་ལས་སྒོ་དང་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི། ལག་རྩལ་གྱི་ཚད་གཞི་ལྟར་ལས་དོན་སྤེལ་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ནང་ཁོར་ཡུག་སྲུང་སྐྱོབ་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་ལ་དཔྱད་ཞིབ་བྱེད་དགོས་པ་མ་ཟད། དཔྱད་ཞིབ་བྱས་འབྲས་སྤྱི་ཚོགས་ལ་ཁྱབ་བསྒྲགས་གཏོང་དགོས།
དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཁོར་ཡུག་གི་ཡིད་རྟོན་ཚོད་སྐོར་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་བཙོག་དངོས་འབུད་གཏོང་བྱེད་ཤུགས་ཆེ་བ་དང་། ཁོར་ཡུག་ཉེན་ཁ་ཆེ་བ། སྐྱེ་ཁམས་ཁོར་ཡུག་ལ་གནོད་གཞི་ཐོན་མང་བ་བཅས་ཀྱི་ཁེ་ལས་རིགས་ལ་དུས་བཀག་ལྟར་ཁོར་ཡུག་ཐད་ཀྱི་ཡིད་རྟོན་ཚོད་སྐོར་བྱས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཚོད་སྐོར་བྱས་འབྲས་བརྡ་ཁྱབ་གཏོང་དགོས་པ་དང་། ཁེ་ལས་ས་ནས་ཁོར་ཡུག་ལ་ཡིད་རྟོན་ཚོད་སྐོར་བྱས་པའི་གྲོན་དངུལ་བསྡུ་མི་ཆོག
ཁོར་ཡུག་ལ་ཡིད་རྟོན་ཚོད་སྐོར་བྱས་འབྲས་དེ་ངེས་པར་དུ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་དང་། སྤྱི་པའི་མ་འཇོག་རྣམ་གྲངས་འོས་སྐུལ་འོས་དཔོད་བྱེད་པ། ནོར་སྲིད་ཀྱི་ཆེད་དངུལ་བཀོད་སྒྲིག་བྱེད་པ། གཞུང་ཁོངས་ས་ཆ་ནང་བཤུག་གཏོང་བ། ལེགས་འདེམས་བྱ་དགའ་སྤྲོད་པ། དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ལས་ཀའི་གལ་ཆེའི་དཔྱད་གཞིར་བརྩི་དགོས། ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་གི་ཡིད་རྟོན་ཚོད་སྐོར་བྱས་འབྲས་ཡག་པོ་མེད་པའི་ཁེ་ལས་ལ་ལྟ་སྐུལ་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེས་བཅོས་སྒྲིག་བྱེད་པར་ལྟ་སྐུལ་བྱེད་དགོས།
དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་བསྡོམས་རྩིས་ལས་ཀའི་འགན་འཁུར་དགོས།
ཁོར་ཡུག་བསྡོམས་རྩིས་བྱེད་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། དེ་མིན་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་བཅས་ཀྱིས་ངེས་པར་དུ་ཁྲིམས་ལྟར་ཁོར་ཡུག་བསྡོམས་རྩིས་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས། རྫུན་ཞུ་དང་། གསང་ཞུ། ཆད་ཞུ། འགྱངས་ཞུ་བཅས་བྱས་མི་ཆོག་ལ། རྫུན་བཟོ་དང་། བསྒྱུར་བཟོ་ལམ་ཡང་ན་བཟོ་བཅོས་བྱས་མི་ཆོག
དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེའི་ནང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྙན་སེང་ཞུ་དགོས་པ་མ་ཟད། ཚབས་ཆེའི་ཁོར་ཡུག་དོན་རྐྱེན་ཐོན་ཚེ། ངེས་པར་དུ་དུས་ཐོག་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས་ཁར། ཁྲིམས་ལྟར་ལྟ་སྐུལ་དང་ལེན་ཞུ་དགོས།
རྫོང་རིམ་ཡན་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་དུས་བཀག་གམ་ཡང་ན་དུས་བཀག་མིན་པའི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། ཞིབ་བཤེར་བྱས་འབྲས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།
ལེའུ་གསུམ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་།
དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཆར་འགོད་བཟོ་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་གྱི་ཚོད་ལྟ་ཁུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་བཟང་གྲོང་ཁྱེར་སོགས་རིགས་འདྲ་མིན་གྱི་སྐྱེ་ཁམས་ཤེས་དཔལ་ཁུལ་འཛུགས་གཏོད་བྱེད་པར་སྐུལ་མ་གཏོང་དགོས།
དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་གཏོད་བྱ་རྒྱུའི་སྐོར་གྱི་གཙོ་བོའི་རྨང་གཞིའི་རིགས་གཞུང་ཞིབ་འཇུག་དང་གནད་འགག་ཆེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་དང་། ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ་བཅས་ཀྱི་ལམ་སྲོལ་བཙུགས་ནས་མི་འབོར་གྱི་གཞི་ཁྱོན་དང་། གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བཅས་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་ལས་མི་བརྒལ་བའི་འགན་ལེན་བྱེད་དགོས།
དོན་ཚན་སོ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་མ་ལག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ངེས་པར་དུ་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཆོག་འཐུས་དང་འཛུགས་སྐྲུན་གྱི་ཚད་གཞི་བཟོ་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་རིགས་གཏན་འགོག་བྱེད་དགོས། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་དགོས་ཚེ། ངེས་པར་དུ་ཁྲིམས་འཁོད་གོ་རིམ་ལྟར་ཞིབ་མཆན་ནན་པོ་འགོད་དགོས། འབྱུང་འཕྲོད་གཏེར་ལས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཚོད་འཛིན་དང་། ཆུ་སྤྱོད་ཕན་འབྲས་ལ་ཚོད་འཛིན། ཆུ་ནུས་ཐོན་ཁུལ་ལ་ཚོད་འཛིན་བཅས་ཐེབས་པའི་སྙིགས་འཛིན་དམར་ཐིག་ནན་པོ་སྲུང་དགོས། ཆུ་བེད་དང་ཆུ་གློག་གསར་སྤེལ་གྱི་འཆར་འགོད་བཟོ་སྐབས་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ལ་བསྟུན་དགོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག འོས་འཚམ་གསར་སྤེལ། མཐའ་ཚད་འགན་སྲུང་བཅས་མཐའ་འཁྱོངས་བྱས་ཏེ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། གསར་སྤེལ་འཛུགས་སྐྲུན་བྱེད་སྐབས་ས་ཆུ་ཤོར་བར་ཚོད་འཛིན་ནུས་ལྡན་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྨོ་ཞིང་ལ་སྲུང་སྐྱོབ་ཡག་པོ་དང་རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་ཁྱོན་དང་འཛུགས་སྐྲུན་ཐད་ལ་ས་ཆ་གསར་དུ་སྤྱོད་རིགས་ཚོད་འཛིན་ནན་པོ་བྱེད་དགོས། ས་ཆ་བེད་སྤྱོད་ཀྱི་འཆར་འགོད་ལྟ་སྡོམ་དང་ཚད་གཞི་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འདམ་ར་དང་གྲམ་ཐང་ཧམ་བཟུང་བྱེད་རིགས་ནན་འགོག་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་སྲུང་སྐྱོབ་དང་། འཛུགས་སྐྲུན། བེད་སྤྱོད་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཁྲིམས་ལྟར་རྩྭ་ཐང་བེད་སྤྱོད་ལུགས་མཐུན་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་ས་ལེན་པ་དང་བྱེ་རྡོ་བསྔོག་ལེན་སོགས་པའི་བྱེད་སྒོར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་སྐབས། ངེས་པར་དུ་ས་གནས་དེ་གའི་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་དང་དེ་བཞིན་ཁོར་ཡུག་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཡུལ་སྐོར་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་བཀོད་སྒྲིག ཡུལ་སྐོར་ཐོན་རྫས་གསར་སྤེལ་བཅས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཡུལ་སྐོར་འགྲོ་སྐྱོད་བྱེད་ཚད་གཏན་འཁེལ་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་གོང་འཕེལ་འགྲོ་བར་སྐུལ་མ་གཏོང་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)ཀྱིས་ངེས་པར་དུ་བཙོག་ཆུ་གཙང་གསིང་དང་། སྲ་གཟུགས་སྙིགས་རོ་བསྡུ་རུབ་དང་བརྒྱུད་འདྲེན་སོགས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཚང་སྒྲིག་བྱས་ཏེ་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་སོ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཐུང་ཆུའི་ཆུ་རྩ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐུང་ཆུའི་ཆུ་རྩ་སྲུང་ཁུལ་བཟོས་ནས་འཐུང་ཆུ་གཙང་མ་ཡོང་བར་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་གཞིར་བཟུང་། ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་ཚོད་སྐོར་བྱེད་དགོས་པ་མ་ཟད། ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་སྙན་ཞུ་ཁྱབ་བསྒྲགས་བྱེད་དགོས། ཁེར་རྐྱང་ཐོག་ཆུ་མཁོ་འདོན་བྱེད་མཁན་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གནས་སའི་གྲོང་ཁྱེར་གྲོང་རྡལ་དང་གལ་ཆེའི་འགག་སྒོར་ངེས་པར་དུ་གྲབས་སྤྱོད་ཆུ་རྩའམ་ཡང་ན་འཕྲལ་མཁོའི་ཆུ་རྩ་བཟོ་དགོས།
དོན་ཚན་བཞི་བཅུ་པ། གཏེར་ཁ་དང་། ཆུ་བེད་ཆུ་གློག ཡུལ་སྐོར་ཐོན་ཁུངས་གསར་སྤེལ། འགྲིམ་འགྲུལ། འཕྲིན་སྐྱེལ། གློག་སྐྱེལ་གློག་སྒྱུར་གྱི་སྐུད་ལམ་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དང་གནས་ལྗོངས་ལ་གནོད་གཞི་ཇི་ཡོང་ཐད་བསམ་གཞིགས་གང་ལེགས་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་ས་ཡུལ་ལེགས་འདེམས་བྱས་ནས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བྱ་རྒྱུའི་བླང་བྱ་གཞིར་བཟུང་རྒྱུ་ཆ་བསྡུ་ལེན་བྱེད་ས་དང་། སྙིགས་རོ་དབྱུག་ས། ཨར་ལས་བདེ་ལམ། འཚོ་བ་སྐྱེལ་གནས་སོགས་ཀྱི་སྐབས་འཕྲལ་སྒྲིག་བཀོད་བཟོས་ཏེ་དུས་ཐོག་ལ་སྐྱེ་ཁམས་སླར་གསོ་ཐུབ་པ་བྱེད་དགོས།
དོན་ཚན་ཞེ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་དངོས་སྣ་མང་རང་བཞིན་དང་། རྒྱུད་འཛིན་སྣ་མང་རང་བཞིན། དེ་བཞིན་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་བཅས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐྱེ་ཁམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
ཕྱི་ནས་ནང་འདྲེན་བྱས་པའི་སྐྱེ་དངོས་རིགས་ལ་ངེས་པར་དུ་ཁོར་ཡུག་ཉེན་ཁའི་དཔྱད་དཔོག་བྱས་ཏེ་གནོད་ལྡན་སྐྱེ་དངོས་ཀྱིས་བཙན་འཛུལ་བྱེད་རིགས་སྔོན་འགོག་བྱེད་དགོས། བཙན་འཛུལ་བྱས་ཟིན་པའི་གནོད་ལྡན་སྐྱེ་དངོས་རིགས་ངེས་པར་དུ་བྱ་ཐབས་སྤྱད་ནས་གཙང་སེལ་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཏན་འཁེལ་བཟོ་དགོས་པ་མ་ཟད། དེར་སྲུང་སྐྱོབ་དང་ལྟ་སྡོམ་ནན་པོ་བྱས་ནས་སྐྱེ་ཁམས་ཀྱི་ནུས་པ་ཞན་དུ་མི་འགྲོ་བ་དང་། རྒྱ་ཁྱོན་ཆུང་དུ་མི་འགྲོ་བ། ངོ་བོ་མི་འགྱུར་བ་བཅས་ལ་འགན་ལེན་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལ་རྩད་ཞིབ་དང་ཚད་གཞི་བཟོ་རྒྱུ་མ་ཟད། གཅིག་གྱུར་ཐོག་ཚད་ལྡན་མཚོན་རྟགས་ཀྱི་བྱང་བུ་འཛུགས་དགོས།
དོན་ཚན་ཞེ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུའི་ཁུལ་ཁོངས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་ཉམས་བཟོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས།
དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནུས་པ་འཛུགས་སྐྱོང་དང་བདག་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་ནང་བྱེད་སྒོ་འདྲ་མིན་སྤེལ་མཁན་གྱིས་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་འཐུས་ཚབ་རང་བཞིན་ལྡན་པའི་རིགས་མི་འདྲ་བའི་རང་བྱུང་སྐྱེ་ཁམས་མ་ལག་གི་ཁུལ་ཁོངས་དང་། རྩ་ཆེན་དང་སྟོངས་ཉེའི་བདག་མེད་སྲོག་ཆགས་དང་རྩི་ཤིང་གི་རང་བྱུང་ཁུལ་ཁོངས། གལ་ཆེའི་ཆུ་རྩ་གསོ་ཁུལ། ཚན་རིག་རིག་གནས་ཀྱི་རིན་ཐང་གལ་ཆེན་ཡོད་པའི་ས་གཤིས་ཆགས་ཚུལ། སྐད་གྲགས་ཆེ་བའི་བྲག་ཕུག་དང་འགྱུར་རྡོ་ཆགས་ཁུལ། འཁྱགས་རོམ་དང་། མེ་རི། ཆུ་ཚན་སོགས་ཀྱི་རང་བྱུང་རྗེས་ཤུལ། དེ་བཞིན་རིག་སྐྲུན་རྗེས་ཤུལ་དང་། གནའ་ཤིང་གྲགས་ཅན་བཅས་ལ་ངེས་པར་དུ་བྱ་ཐབས་སྤྱད་ནས་སྲུང་སྐྱོབ་བྱས་ཏེ་གཏོར་བཤིག་རྩ་བ་ནས་གཏོང་རྒྱུ་མེད།
དོན་ཚན་ཞེ་ལྔ་པ། རང་སྐྱོང་ལྗོངས་མི་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་སྐྱོང་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་སྐྱོང་གསབ་མ་དངུལ་དོན་འཁྱོལ་བྱས་ཏེ་མ་དངུལ་དེ་རྣམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་ཀྱི་ཐད་ལ་བེད་སྤྱོད་ཐུབ་པ་བྱེད་དགོས།
དོན་ཚན་ཞེ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་ལམ་ལུགས་འཛུགས་དགོས། གཏེར་འདོན་བདག་དབང་རེ་ཞུ་བྱེད་མཁན་གྱིས་གཏེར་འདོན་ཆོག་འཐུས་ལག་ཁྱེར་གཉེར་སྐབས་ངེས་པར་དུ་གཏེར་རིའི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་དང་ས་ཞིང་བསྐྱར་སྦོལ་ཇུས་གཞི་བཟོ་སྒྲིག་བྱས་ཏེ་ཆོག་མཆན་སྤྲོད་དབང་ཡོད་པའི་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་ཕུལ་ཏེ་ཞིབ་བཤེར་ཆོག་མཆན་ཞུ་དགོས། གཏེར་འདོན་བདག་དབང་ཡོད་མཁན་གྱིས་སྔོག་འདོན་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གཏེར་ཁུལ་གྱི་ཁྱབ་ཁོངས་སམ་ཡང་ན་གཏེར་ཁ་འདོན་ཐབས་ལ་འགྱུར་བ་གཏོང་དགོས་ཚེ་ངེས་པར་དུ་གཏེར་རིའི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་དང་ས་ཞིང་བསྐྱར་སྦོལ་ཇུས་གཞི་བསྐྱར་དུ་བཟོ་སྒྲིག་བྱེད་དགོས་པ་མ་ཟད་དེ་སྔའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཕུལ་ཏེ་ཆོག་མཆན་ཞུ་དགོས།
གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་གཏེར་རིའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་སླར་གསོའི་ཐེབས་རྩ་རྩིས་རྒྱག་མཐོར་གཏོང་དང་གཅིག་གྱུར་འཆར་འགོད་ཀྱིས་གཏེར་རིའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་སླར་གསོ་དང་ས་ཞིང་བསྐྱར་སྦོལ་བྱེད་པའི་ཐད་སྤྱོད་དགོས།
དོན་ཚན་ཞེ་བདུན་པ། གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་བཟོ་སྐབས་ངེས་པར་དུ་ཁོར་ཡུག་ཐོན་ཁུངས་ཀྱི་ཐེག་ནུས་ལ་གཞིགས་ནས་གྲོང་ཁྱེར་གྲོང་རྡལ་གྱི་བར་སྟོང་ཁག་འོས་འཚམ་བཀོད་ཁྱབ་བྱེད་དགོས། འབྱུང་འཕྲོད་སྐྱེ་ཁམས་ཅན་གྱི་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རང་བྱུང་ཁོར་ཡུག་ལ་འགོག་རྐྱེན་དང་གནོད་འཚེ་བཟོ་རིགས་ཉུང་དུ་གཏོང་དགོས།
དོན་ཚན་ཞེ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བསྐྲུན་ཟིན་པའི་གྲོང་ཁྱེར་གྱི་རྣམ་པའི་ཁོར་ཡུག་སྔོ་ལྗང་ཅན་དུ་སྒྱུར་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བྱ་ཐབས་སྤྱད་ནས་བསྐྲུན་ཟིན་པའི་གྲོང་ཁྱེར་སྔོ་ལྗང་ཅན་དུ་སྒྱུར་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས། སྐྱ་ཐེར་དུ་ལུས་པའི་གྲོང་ཁྱེར་གྱི་ས་ཆ་རྣམས་ངེས་པར་དུ་སྔོ་ལྗང་ཅན་དུ་སྒྱུར་དགོས།
དོན་ཚན་ཞེ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་སྤྱད་ནས་སྙིགས་རོ་རིགས་དབྱེ་གཙང་སེལ་དང་། བསྐྱར་བསྡུས་བེད་སྤྱོད། གནོད་མེད་ཅན་གྱི་གཅིག་བསྡུས་གཙང་སེལ་བཅས་བྱེད་དགོས་པ་དང་། ཁུལ་ཁོངས་དེ་གའི་འཚོ་བའི་གད་སྙིགས་སོགས་སྙིགས་རོ་རིགས་དབྱེ་གཙང་སེལ་བྱ་རྒྱུ་དང་འཚམ་པའི་འཇོག་སྟངས་དང་བསྡུ་སྐྱེལ་བྱེད་རྣམ་བཟོ་དགོས།
སྤྱི་དམངས་ཀྱིས་འཚོ་བའི་གད་སྙིགས་སོགས་སྙིགས་རོ་རིགས་དབྱེ་གཙང་སེལ་བྱ་རྒྱུར་སྐུལ་མ་བཏང་སྟེ་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉུང་དུ་གཏོང་དགོས།
བསྡུ་སྤྱོད་བྱེད་སླ་བ་དང་། གཙང་སེལ་བྱེད་སླ་བ། བཞུར་སླ་བ་བཅས་ཀྱི་ཐུམ་སྒྲིལ་དངོས་པོ་དང་སྣོད་ཆས་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་རྒྱུ་དང་། བསྐྱུར་ཟིན་པའི་ཐོན་རྫས་ཀྱི་ཐུམ་སྒྲིལ་དངོས་པོ་དང་། སྣོད་ཆས། གློག་རྫས་རོ་ཏོ། འཁོར་ལོ་རྙིང་རོ་སོགས་བསྡུ་སྤྱོད་བྱ་རྒྱུ།
ཐབ་ཚང་གི་ཟོག་རོ་བསྡུ་སྤྱོད་དང་གནོད་མེད་ཅན་གྱི་གཙང་སེལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་ཐབ་ཚང་གི་ཟོག་རོ་བསྡུ་རུབ་དང་། སྐྱེལ་འདྲེན། བེད་སྤྱོད། གཙང་སེལ་བཅས་བྱེད་པའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཐབ་ཚང་གི་ཟོག་རོ་གཙང་སེལ་བྱེད་པའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ་ཁྱབ་གདལ་གཏོང་དགོས། ཐབ་ཚང་གི་གད་སྙིགས་གང་བྱུང་དུ་འབུད་འཇོག་བྱེད་རིགས་དང་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་བསྡུ་རུབ་སྦུག་དྲའི་ནང་གཏོང་རིགས་བཀག་འགོག་བྱེད་དགོས།
བཞུ་མི་ཐུབ་ཅིང་སྤྱོད་གཅིག་མའི་ལྦུ་འགྱིག་ཟས་སྣོད་དང་། འགྱིག་ཤོག ལིང་ལྡན་འཁྲུད་རྫས། སྤྱོད་གཅིག་མའི་ཤིང་གི་ཐུར་མ་བཅས་ཐོན་སྐྱེད་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་རིགས་བཀག་འགོག་བྱེད་དགོས།
དོན་ཚན་ལྔ་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་གཅིག་གྱུར་འཆར་འགོད་དང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ཞིང་འབྲོག་ལས་ཀྱི་སྦགས་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་ནས་བྱུང་བའི་སྦགས་བཙོག་སྔོན་འགོག་དང་ཞིང་འབྲོག་པས་སྐྱེ་ལྡན་ལུད་བེད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱས་ནས་འཁོར་སྐྱོད་དང་ཉམས་བཟོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། འཚོ་བའི་གད་སྙིགས་བསྡུ་རུབ་དང་སྒྱུར་འདྲེན་སྒྲིག་ཆས་ཀྱིས་གད་སྙིགས་སོགས་སྲ་གཟུགས་སྙིགས་རོ་གཅིག་སྡུད་ཐོག་བསྡུ་རུབ་དང་གཙང་འདྲེན་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྒོ་ཕྱུགས་གསོ་ཚགས་དང་བཤས་གཏོང་ཁུལ་བཀོད་སྒྲིག་འོས་འཚམ་བྱེད་དགོས། སྒོ་ཕྱུགས་གསོ་ཚགས་དང་བཤས་གཏོང་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་བྱ་ཐབས་སྤྱད་ནས་སྒོ་ཕྱུགས་ཀྱི་སྐྱག་གཅིན་དང་། ཤི་རོ། བཙོག་ཆུ་སོགས་ཀྱི་སྙིགས་རོ་ཚན་རིག་དང་མཐུན་པའི་སྒོ་ནས་གཙང་སེལ་བྱས་ཏེ་ཁོར་ཡུག་ལ་སྦགས་བཙོག་མི་ཕོག་པ་བྱེད་དགོས།
ལེའུ་བཞི་པ། སྦགས་བཙོག་དང་གནོད་འཚེ་གཞན་འགོག་བཅོས།
དོན་ཚན་ང་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ཁྲིམས་བཞིན་བཙོག་འབུད་ཆོག་འཐུས་དོ་དམ་ལམ་ལུགས་ལག་བསྟར་བྱ་རྒྱུ། བཙོག་འབུད་ཆོག་འཐུས་ལག་ཁྱེར་ཐོབ་པའི་ཁེ་ལས་དང་བྱ་གཞག་ཚན་པ་དང་། ཐོན་སྐྱེད་གཉེར་སྐྱོང་བ་གཞན་དག་གིས་ངེས་པར་དུ་བཙོག་འབུད་ཆོག་འཐུས་ལག་ཁྱེར་གྱི་བླང་བྱ་གཞིར་བཟུང་སྦགས་བཙོག་དངོས་པོ་འབུད་གཏོང་བྱེད་དགོས་པ་དང་། བཙོག་འབུད་ལག་ཁྱེར་ཐོབ་མེད་ཚེ་སྦགས་བཙོག་དངོས་པོ་འབུད་གཏོང་བྱེད་མི་ཆོག
དོན་ཚན་ང་གཉིས་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་། ཐོན་སྐྱེད་གཉེར་སྐྱོང་བ་གཞན་དག་གིས་ངེས་པར་དུ་བྱ་ཐབས་སྤྱད་ནས་འབུད་གཏོང་བྱས་པའི་སྦགས་བཙོག་དངོས་པོའི་རིགས་བཙོག་འབུད་ཀྱི་ཚད་གཞི་དང་གཙོ་གནད་སྦགས་བཙོག་དངོས་པོ་འབུད་གཏོང་གི་སྤྱི་འབོར་ཚོད་འཛིན་དམིགས་ཚད་དང་མཐུན་པ་བྱེད་དགོས།
ཁེ་ལས་དང་བྱ་གཞག་ཚན་པས་ཁོར་ཡུག་སྲུང་སྐྱོབ་ཐད་གཤམ་གསལ་གྱི་འགན་འཁྲི་ཁག་འཁུར་དགོས་པ་སྟེ།
(གཅིག) ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁུར་བ་དང་ཁོར་ཡུག་སྲུང་སྐྱོབ་ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་།
(གཉིས) ནང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་སྒྲིག་གཞི་བཙུགས་ནས་ཁོར་ཡུག་སྲུང་སྐྱོབ་ལས་མི་གཏན་འཁེལ་བྱེད་དགོས་པ།
(གསུམ) ནང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དོ་དམ་ལམ་ལུགས་དང་སྦགས་བཙོག་འགོག་བཅོས་བྱེད་པའི་སྒྲིག་ཆས་བཀོད་སྤྱོད་སྒྲིག་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ།
(བཞི) ཐོན་སྐྱེད་ཀྱི་བརྒྱུད་རིམ་དེ་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་ལྡན་ལག་རྩལ་གྱི་བླང་བྱ་དང་མཐུན་པའི་འགན་ལེན་བྱེད་དགོས་པ།
(ལྔ) ཁོར་ཡུག་སྲུང་སྐྱོབ་ལས་ཀའི་ཡིག་ཚགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ།
(དྲུག) ཁོར་ཡུག་འཕྲལ་སྡོམ་དང་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དུས་ཚོད་གཏན་འཁེལ་ཐོག་ཁོར་ཡུག་འཕྲལ་སྡོམ་བདེ་འཇགས་དངོས་སྦྱོང་བྱས་ཏེ་ཁོར་ཡུག་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པ་བཟོ་དགོས་པ།
(བདུན) རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་གཏན་འབེབས་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་འཁྲི་གཞན་དག་བཅས་སོ།
ཐོན་སྐྱེད་གཉེར་སྐྱོང་བ་གཞན་དག་གིས་ངེས་པར་དུ་འབྲེལ་ཡོད་མི་སྣའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས།
དོན་ཚན་ང་གསུམ་པ། འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་སྲུང་སྐྱོབ་སྒྲིག་བཀོད་གཞན་དག་རིགས་ངེས་པར་དུ་གཙོ་རྐང་ལས་གཞི་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་ཨར་སྐྲུན། མཉམ་དུ་བཀོལ་སྤྱོད་བཅས་བྱེད་དགོས། འབྲེལ་ཡོད་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་མཁོ་བའི་མ་དངུལ་དག་ངེས་པར་དུ་རྣམ་གྲངས་ཀྱི་རགས་རྩིས་མ་འཇོག་ནང་འཇུག་དགོས།
ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་ངེས་པར་དུ་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་ཁོར་སྐྱོད་དང་དོ་དམ་བྱ་རྒྱུ་དེ་ཐོན་སྐྱེད་དོ་དམ་བྱེད་ཁོངས་སུ་བཅུག་ནས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་མ་ཟད། དོ་དམ་རྩིས་ཁྲ་བཟོ་དགོས།
ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་རང་དགར་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་བཤིག་པ་དང་བེད་མེད་དུ་འཇོག་རིགས་མི་ཆོག
སྦགས་བཙོག་འབུད་གཏོང་བྱེད་མཁན་ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་སྦགས་བཙོག་འབུད་ཁ་དང་ལྟ་དཔྱད་ཚད་ལེན་བྱེད་བདེ་བའི་དཔེ་ལེན་ལས་སྟེགས་འཛུགས་དགོས་པ་མ་ཟད་མཚོན་རྟགས་བྱང་བུའང་སྒྲིག་སྦྱོར་བྱེད་དགོས། ཞིབ་བཤེར་གཏན་འཁེལ་བྱས་མེད་པའི་སྦགས་བཙོག་འབུད་ཁ་སྤྱད་དེ་སྦགས་བཙོག་ཕྱིར་འབུད་བྱེད་མི་རུང་། སྦགས་བཙོག་གཙང་སེལ་སྒྲིག་ཆས་ཀྱི་བར་དཀྱིལ་ལས་རིམ་ལ་བརྟེན་ནས་སྦགས་བཙོག་འབུད་གཏོང་བྱེད་མི་རུང་།
དོན་ཚན་ང་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གོང་འཕེལ་བསྒྱུར་བཅོས་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས་ལ་བཙན་སྐུལ་རང་བཞིན་གྱི་ཐོན་སྐྱེད་གཙང་མའི་ཐད་ཞིབ་དཔྱད་བྱས་ཏེ་ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་བ་དང་སྦགས་བཙོག་འབུད་གཏོང་བྱེད་ཚད་ཉུང་དུ་གཏོང་དགོས།
དོན་ཚན་ང་ལྔ་པ། གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ཐོན་པའི་རླངས་རོ་དང་། ཆུ་སྙིགས། སྙིགས་རོ་བཅས་ངེས་པར་དུ་ཚད་ལྡན་བསྡུ་རུབ་དང་གཙང་སེལ་བྱས་ནས་ཁོར་ཡུག་སྦགས་བཙོག་མི་བཟོ་བ་དང་སྐྱེ་ཁམས་ལ་གཏོར་སྐྱོན་མི་ཕོག་པ་བྱེད་དགོས།
དོན་ཚན་ང་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཙང་ཆུའི(མཚེའུ་དང་ཆུ་མཛོད)ནང་སྦགས་བཙོག་འབུད་གཏོང་བྱེད་རིགས་ལ་དོ་དམ་ནན་པོ་བྱེད་པ་དང་། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུར་སྣང་ཆེན་བྱས་ཏེ། གཙོ་གནད་གཙང་ཆུ་རྒྱུགས་ཁུལ་དང་ཁུལ་ཁོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུ་མ་ཟད། མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
འཐུང་ཆུའི་ཆུ་རྩ་སྲུང་ཁུལ་དང་། གཙོ་གནད་ཉ་ལས་ཀྱི་སྤྱོད་ཆུའམ་ཡང་ན་དམིགས་བསལ་དཔལ་འབྱོར་དང་རིག་སྐྲུན་རིན་ཐང་ལྡན་པའི་ཆུ་ཁོངས་སྲུང་སྐྱོབ་ཁུལ་གཞན་དག་ནང་སྦགས་བཙོག་འབུད་ཁ་བཟོ་མི་ཆོག འབུད་ཁ་བཟོས་ཟིན་པའི་རིགས། གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བཅད་ནང་བཤིག་ཏུ་འཇུག་དགོས།
རྨོ་ཞིང་དང་། ནགས་ས། རྩྭ་ཐང་། འདམ་ར། གཙང་ཆུ། མཚེའུ། ཆུ་མཛོད་བཅས་དང་དེ་བཞིན་ཆུ་རྒྱུགས་ཁུལ་གཞན་དག་བཅས་སུ་སྙིགས་རོ་བསྐྱུར་བའམ་ཡང་ན་དུག་ལྡན་དང་གནོད་ཡོད་ཀྱི་གཤེར་རོ་འབུད་གཏོང་བྱེད་མི་ཆོག ས་ངོས་ཆུ་དང་ས་འོག་ཆུར་སྦགས་བཙོག་མི་འགྲོ་བ་བྱེད་དགོས། མངོན་མེད་མདོང་ལམ་དང་། ཆུ་སིམ་ཁྲོན་པ། ཆུ་སིམ་དོང་ལམ་བཅས་སམ་ཡང་ན་ས་འོག་ཆུར་སྦགས་བཙོག་བཟོ་ཉེན་ཡོད་པའི་བྱ་ཐབས་གཞན་དག་སྤྱད་དེ་དུག་དང་གནོད་ཚེ་ལྡན་པའི་གཤེར་རོ་དང་སྙིགས་རོ་གཞན་དག་འབུད་གཏོང་བྱེད་མི་ཆོག བཟོ་ལས་སྡེ་གླིང་དང་། གཏེར་རི་སྔོག་འདེམས་ཁུལ། གད་སྙིགས་སྦས་ས་བཅས་དང་དེ་བཞིན་སྣུམ་མཛོད། སྣུམ་སྣོན་ས་ཚིགས་སོགས་ཀྱི་ས་ཁོངས་སུ་ངེས་པར་དུ་སིམ་འགོག་དང་གཙང་སེལ་བྱས་ནས་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་བྱེད་དགོས།
དོན་ཚན་ང་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་བསྡུ་རུབ་དང་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་གྲོང་རྡལ་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་འབུད་སྦུག་དྲ་དང་སྦགས་བཙོག་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པ་བྱེད་དགོས། གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ལ་བརྟེན་ནས་གཙང་སེལ་བྱས་པའི་བཟོ་ལས་ཆུ་སྙིགས་དང་སྨན་བཅོས་ཆུ་སྙིགས་རིགས་ངེས་པར་དུ་སྔོན་གྲབས་གཅིག་སྡུད་ཐོག་གཙང་གསིང་གི་འབྲེལ་ཡོད་བླང་བྱ་དང་མཐུན་རྗེས་གཞི་ནས་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་བཤངས་ལམ་བརྒྱུད་འབུད་གཏོང་བྱས་ཆོག
བཙོག་ཆུ་གཙང་གསིང་སྒྲིག་བཀོད་ལས་ཐོན་པའི་འདམ་རྫབ་རིགས་ངེས་པར་དུ་ཇེ་བརྟན་ཅན་དང་། གནོད་མེད་ཅན། ཐོན་ཁུངས་ཅན་བཅས་སུ་སྒྱུར་བ་བྱེད་དགོས། འདམ་རྫབ་གཙང་གསིང་ཐག་གཅོད་བྱས་མེད་པའམ་ཡང་ན་གཙང་གསིང་ཐག་གཅོད་ཀྱི་ཚད་གཞིར་སླེབས་མེད་ཚེ་འབུད་གཏོང་བྱེད་མི་ཆོག
རང་སྐྱོང་ལྗོངས་ཀྱིས་ཐབས་མང་སྤྱད་དེ་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུའི་ཐད་མ་དངུལ་འཇོག་རྒྱུར་སྐུལ་མ་གཏོང་དགོས།
དོན་ཚན་ང་བརྒྱད་པ། དྲོད་འདོན་ཁྲོ་ཐབ་གསར་དུ་འཛུགས་སྐབས་ངེས་པར་དུ་ཚ་ནུས་གཙང་མ་སྤྱོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་བཙོག་འབུད་ཚད་གཞི་དང་མཐུན་དགོས། ད་ཡོད་ཀྱི་རྡོ་སོལ(བུད་ཤིང་)ཁྲོ་ཐབ་རླངས་སྒྱུར་གློག་སྒྱུར་བྱེད་པར་སྐུལ་མ་གཏོང་རྒྱུ་མ་ཟད། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མི་མཐུན་པའི་སྦགས་བཙོག་ཆེ་བའི་འབར་རྒྱུའི་ཁྲོ་ཐབ་བེད་སྤྱོད་མེད་པ་བཟོ་དགོས།
མི་མང་འདུས་ཆེའི་ས་གནས་དང་ཁྲིམས་བཞིན་དམིགས་བསལ་སྲུང་སྐྱོབ་བྱེད་ཁོངས་གཞན་དག་ནང་སྣུམ་སྙིགས་དང་། སྣུམ་ལྡན་ཤོག་ཕྱིང་། འགྱིག་རྫས། ཀོ་བ། གད་སྙིགས་བཅས་དང་དེ་བཞིན་དུག་ལྡན་གནོད་ཡོད་ཀྱི་དུ་རྡུལ་དང་དྲི་ངན་རླངས་གཟུགས་དངོས་པོ་མེར་སྲེག་བཏང་མི་ཆོག
བཟའ་བཏུང་ཞབས་ཞུ་དང་གྱོན་ཆས་སྐམ་བཀྲུས་སོགས་ཀྱི་ལས་གཉེར་པས་དུ་སྣུམ་གཙང་སྒྱུར་དང་དྲི་ངན་ནམ་རླངས་རོ་གཙང་སེལ་གྱི་སྒྲིག་ཆས་འཛུགས་རྒྱུ་མ་ཟད་རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་པ་བྱས་ཏེ་ཉེ་འཁོར་གྱི་ཡུལ་མིའི་རྒྱུན་གཏན་འཚོ་བའི་ཁོར་ཡུག་ལ་སྦགས་བཙོག་བཟོ་རྒྱུ་མེད།
དོན་ཚན་ང་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གོང་འཕེལ་བཏང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྲིམ་འགྲུལ་ཡོ་བྱད་རྒྱ་ཁྱབ་ཏུ་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། འཕྲུལ་སྒུལ་འཁོར་རིགས་འབུད་གཏོང་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་བཀག་ལྟར་འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ལ་ཞིབ་བཤེར་བྱ་རྒྱུ་དང་། ཞིབ་བཤེར་གྱི་ཚད་གཞི་མ་ལོན་ཚེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྒྱུ་བདག་བརྗེ་བ་དང་ལོ་བཤེར་གྱི་འགྲོ་ལུགས་གཉེར་མི་རུང་།
སྣུམ་སྣོན་ས་ཚིགས་ཁག་གིས་ངེས་པར་དུ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི་དང་མཐུན་པའི་འཁོར་རིགས་ཀྱི་ཁྲའེ་ཡིའུ་སྣུམ་དང་ས་སྣུམ་བྲིན་ཚོང་བྱེད་དགོས།
དོན་ཚན་དྲུག་ཅུ་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་བཟོ་ལས་སྡེ་གླིང་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་ལས་ཁྱབ་བཀོད་འཆར་འགོད་བྱས་ཏེ་བཟོ་ལས་ཁེ་ལས་རིགས་བཟོ་ལས་སྡེ་གླིང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།
བཟོ་ལས་སྡེ་གླིང་གིས་ངེས་པར་དུ་བཙོག་ཆུ་གཙང་གསིང་དང་སྙིགས་རོ་བསྡུ་འདྲེན་བྱ་རྒྱུ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་དུ་བསྐྲུན་ནས་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་རེ་གཅིག་པ། བཟོ་སྐྲུན་ཨར་ལས་ཁེ་ལས་ཀྱིས་ངེས་པར་དུ་བྱ་ཐབས་སྤྱད་ནས་ཐལ་རྡུལ་དང་། འཛེར་སྒྲ། སྦིར་འགུལ་སོགས་ཀྱིས་ཁོར་ཡུག་སྦགས་བཙོག་དང་གནོད་འཚེ་བཟོ་བར་སྔོན་འགོག་བྱེད་དགོས།
ཨར་སྐྲུན་ས་ལས་དང་། ཨར་སྐྲུན་གད་སྙིགས། ས་རོ་བཅས་སིལ་བླུགས་དངོས་རྫས་རིགས་ཀྱི་ཁེབས་དམ་པོར་གཡོགས་ཏེ་དུས་ཐོག་ཏུ་དམིགས་འཛུགས་བྱས་པའི་ས་ཆར་གཙང་འདྲེན་བྱེད་དགོས་པ་ལས། གང་བྱུང་དུ་གཤོ་མི་ཆོག ལས་ཡུལ་ནང་སྤུངས་རིགས་ངེས་པར་དུ་ཁེབས་གཡོགས་ཏེ་རྡུལ་འགོག་གི་བྱ་ཐབས་སྤྱོད་དགོས། ས་རོ་སྐྱེལ་འདྲེན་རླངས་འཁོར་རིགས་ཀྱིས་ངེས་པར་དུ་སྲུང་སྐར་ངེས་གནས་མ་ལག་བསྒར་དགོས་པ་མ་ཟད། གཏན་འཁེལ་ལམ་ཐིག་ཐོག་བསྐྱོད་དགོས།
མཚན་མོར་སྨན་ཁང་དང་། ལུས་གསོ། སྡོད་གནས། རིག་སློབ། ཚོང་ལས་བཅས་ཁུལ་དང་དེ་བཞིན་བཟོ་ལས་མཉམ་འདྲེས་ཁུལ་དུ་གཙེར་སྒྲ་དང་སྦིར་འགུལ་ཚད་ལས་བརྒལ་བའི་བཟོ་སྐྲུན་ཨར་ལས་སོགས་ཀྱི་ལས་སྒོ་སྤེལ་མི་ཆོག མཚན་མོར་ལས་ཀ་བྱེད་དགོས་ངེས་ཡིན་ཕྱིན། ངེས་པར་དུ་ཉིན་གསུམ་གྱི་སྔོན་ལ་རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་དང་ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་སྤེལ་དགོས།
དོན་ཚན་རེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁོར་ཡུག་གི་གཙེར་སྒྲའི་གནོད་གཞི་འགོག་བཅོས་བྱ་རྒྱུ་དེ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་འཆར་གཞིའི་ནང་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་འགོད་སྐབས་ངེས་པར་དུ་འཛུགས་སྐྲུན་རྣམ་གྲངས་དང་། ས་ཁོངས་གསར་སྤེལ། བསྒྱུར་བཀོད་བཅས་བྱས་པ་ལས་ཐོན་པའི་གཙེར་སྒྲས་མཐའ་སྐོར་གྱི་འཚོ་བའི་ཁོར་ཡུག་ལ་གནོད་གཞི་བཟོ་བར་བསམ་གཞིགས་གང་ལེགས་བྱས་ཏེ། གཅིག་གྱུར་གྱིས་འཆར་འགོད་དང་། ནུས་པ་ཐོན་ཁུལ་དང་འཛུགས་སྐྲུན་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཁོར་ཡུག་ལ་གཙེར་སྒྲས་གནོད་གཞི་བཟོ་བར་སྔོན་འགོག་གམ་ཡང་ན་ཇེ་ཆུང་དུ་གཏོང་དགོས།
དོན་ཚན་རེ་གསུམ་པ། གྲོང་ཁྱེར་ཁྱབ་ཁོངས་སུ་གཤམ་གསལ་བྱེད་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།
(གཅིག) སྐད་ཅོར་བརྒྱབ་མི་ཆོག་པའི་གྲོང་ཁུལ་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་དུང་བརྡ་སྒྲོག་པ་དང་། ས་ཁོངས་གཞན་དག་ཏུ་གཙེར་སྒྲ་ཆེ་བའི་སྒྲ་སྐྱེད་སྒྲིག་ཆས་སྤྱོད་རིགས་དང་།
(གཉིས) མཐོ་རྒྱུགས་དང་། འབྲིང་རྒྱུགས། རྒྱུགས་ཆུང་བཅས་གཏོང་རིང་། རྒྱུགས་རའི་མཐའ་སྐོར་གྱི་ཁོར་ཡུག་ལ་གཙེར་སྒྲའི་གནོད་འཚེ་བཟོ་བའམ་འབྱུང་ཉེན་ཡོད་པ་དང་། རྒྱུགས་རའི་ཁོར་ཡུག་ལ་གནོད་པའི་བྱེད་སྒོ་སྤེལ་རིགས།
(གསུམ) གྲོང་ཁུལ་དུ་ཁྲོམ་གཞུང་དང་། ཐང་ཆེན། སྤྱི་གླིང་། གྲོང་མིའི་སྡེ་ཁུལ་སོགས་སྤྱི་པའི་དོ་རར་རོལ་རྩེད་དང་ལུས་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་རིང་འཚོ་བའི་ཁོར་ཡུག་ལ་འགོག་རྐྱེན་ཚབས་ཆེ་བཟོ་བའི་སྒྲ་སྐྱེད་ཡོ་ཆས་བེད་སྤྱོད་གཏོང་རིགས།
(བཞི) གྲོང་ཁྱེར་གནས་སའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་བྱ་སྤྱོད་གཞན་དག་བཅས་སོ།
དོན་ཚན་རེ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཉེན་ཆེའི་སྙིགས་རོ་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་དགོས། ཉེན་ཆེའི་སྙིགས་རོ་གཙང་བཅོས་བྱེད་མཁན་ལས་ཁུངས་དང་ཆེད་ལས་ལག་རྩལ་པར་བབ་མཚུངས་ཀྱི་ཐོབ་ཐང་ཡོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་ལྟར་ཉེན་ཆེའི་སྙིགས་རོ་གཙང་བཅོས་བྱེད་དགོས།
ཉེན་ཆེའི་སྙིགས་རོ་འདོན་མཁན་གྱིས་ངེས་པར་དུ་ཉེན་ཆེའི་སྙིགས་རོ་དོ་དམ་བྱེད་པའི་འཆར་གཞི་དང་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉེན་ཆེའི་སྙིགས་རོ་གཙང་བཅོས་ཀྱང་བྱེད་དགོས་པ་དང་། གཙང་བཅོས་མ་བྱས་པའི་རིགས་ལ་ས་གནས་དེ་གའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ཐོག་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་བཀག་ནང་ཚུན་གཙང་བཅོས་བྱས་མེད་པའམ་གཙང་བཅོས་བྱས་ཀྱང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མ་མཐུན་པའི་རིགས། དེ་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་ཚན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཚབ་བྱེད་གཙང་བཅོས་བྱ་རྒྱུ་དང་། ཉེན་ཆེའི་སྙིགས་རོ་ཐོན་སའི་ཚན་པས་གཙང་བཅོས་གྲོན་དངུལ་གཏོང་འགན་འཁུར་དགོས།
དོན་ཚན་རེ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ས་རྒྱུའི་སྦགས་བཙོག་སྔོན་འགོག་དང་། བཅོས་སྐྱོང་། སླར་གསོ་བཅས་བྱས་ནས་ས་རྒྱུ་གཤིན་ཏུ་གཏོང་དགོས།
དོན་ཚན་རེ་དྲུག་པ། གཅིག་བསྡུས་བེད་སྤྱོད་བྱེད་པའི་གློག་ཁབ་ལེན་གྱི་ཟེར་འགྱེད་སྒྲིག་ཆས་ཆེ་གྲས་སམ་ཡང་ན་འགུལ་ཚད་མྱུར་བའི་སྒྲིག་ཆས་ཀྱི་མཐའ་སྐོར་དུ། ཁོར་ཡུག་སྲུང་སྐྱོབ་དང་གྲོང་ཁྱེར་འཆར་འགོད་ཀྱི་བླང་བྱ་ལྟར་དབྱེ་འབྱེད་གཏན་འབེབས་བྱས་པའི་འཆར་འགོད་ཚོད་འཛིན་ཁུལ་ནང་དུ་གྲོང་མིའི་སྡོད་ཁང་དང་། བྱིས་གསོ་ཁང་། སློབ་གྲྭ། སྨན་ཁང་། རྒན་གསོ་ཁང་སོགས་དམིགས་སའི་བཟོ་བཀོད་འཛུགས་སྐྲུན་བྱས་མི་ཆོག
འཛུགས་སྐྲུན་བྱས་ཟིན་པའི་གློག་ཁབ་ལེན་གྱི་ཟེར་འགྱེད་སྒྲིག་བཀོད་ཆེ་གྲས་ཀྱིས་ཉེ་འཁོར་གྱི་ཁོར་ཡུག་ལ་སྦགས་བཙོག་བཟོས་ཚེ། བེད་སྤྱོད་བྱེད་མཁན་ཚན་པས་འགོག་བཅོས་བྱ་ཐབས་ནུས་ལྡན་སྤྱོད་དགོས། བྱ་ཐབས་སྤྱད་ཀྱང་སྔར་བཞིན་རྒྱལ་ཁབ་ཀྱི་གློག་ཁབ་ལེན་ཟེར་འགྱེད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་བླང་བྱ་དང་མ་མཐུན་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་བཤིག་སྤོ་བྱ་རྒྱུའི་སྒྲིག་འཛུགས་བྱེད་དགོས།
དོན་ཚན་རེ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་གི་ཉེན་ཁ་ཚོད་འཛིན་བྱ་རྒྱུར་ཁྲིམས་བཞིན་ཤུགས་སྣོན་བརྒྱབ་སྟེ་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་གྲ་སྒྲིག་དང་། ཐག་གཅོད། དོན་རྐྱེན་ཐོན་རྗེས་ཀྱི་སླར་གསོ་སོག་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཁོར་ཡུག་ལ་གནོད་འཚེ་བཟོ་རིགས་གཏན་ནས་མི་ཐོན་པའམ་ཡང་ན་གནོད་འཚེ་ཆུང་དུ་གཏོང་གང་ཐུབ་པ་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་སྒྲིག་བྱེད་དགོས། ཁོར་ཡུག་གི་སྤུས་ཚད་ཞན་དུ་ཚབས་ཆེན་འགྲོ་བ་དང་། སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་སོགས་ཀྱི་ཛ་དྲག་གནས་ཚུལ་ཐོན་པའམ་ཐོན་ཉེན་ཡོད་ཚེ། ངེས་པར་དུ་ལམ་སེང་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་དགོས་ལ། རིམ་མཚུངས་མི་དམངས་སྲིད་གཞུང་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། ས་གནས་དེ་གའི་གནོད་འཚེ་ཕོག་ཉེན་ཡོད་པའི་ཚན་པ་དང་ཡུལ་མི། དེ་བཞིན་ཤུགས་རྐྱེན་ཐེབས་ཉེན་ཡོད་པའི་ཉེ་འཁོར་ས་གནས་ཀྱི་རིམ་མཚུངས་མི་དམངས་སྲིད་གཞུང་གི་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།
རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་རྐང་བཙུགས་ནས་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་བཟོས་པའམ་ཡང་ན་འགན་འཛོལ་ཚབས་ཆེ་ཤོར་ནས་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་བཟོས་པར་ཁ་གཏད་བཅོག་རྒྱུའི་ཐད་བཏང་བའི་འགྲོ་གྲོན་དེ་དག་ཁེ་ལས་བྱ་གཞག་ཚན་པའམ་ཡང་ན་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་འགན་འཁུར་དགོས།
དོན་ཚན་རེ་བརྒྱད་པ། ཁེ་ལས་བྱ་གཞག་ཚན་པས་ངེས་པར་དུ་ཁོར་ཡུག་གི་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་དུས་བཀག་ལྟར་གྲལ་བཤེར་བྱེད་པ་དང་། ཁོར་ཡུག་གི་ཉེན་ཁར་ཚོད་སྐོར་དཔྱད་ཞིབ་བྱས་ནས་གཏན་འབེབས་ལྟར་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་གནས་ཡུལ་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།
ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ནམ་ཡང་ན་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་ཛ་དྲག་གནས་ཚུལ་གཞན་དག་ཐོན་པའམ་ཐོན་ཉེན་ཡོད་ཚེ། ཁེ་ལས་བྱ་གཞག་ཚན་པས་ངེས་པར་དུ་ལམ་སེང་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས། གནོད་འཚེ་ཕོག་ཉེན་ཡོད་པའི་ཚན་པ་དང་ཡུལ་མི་རྣམས་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས་པ་མ་ཟད། གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་འཕྲལ་སྡོམ་བྱ་ཐབས་སྤྱད་དེ་སྦགས་བཙོག་ཚོད་འཛིན་དང་ཉུང་དུ་བཏང་ནས་སྦགས་བཙོག་གཙང་སེལ་ཐུབ་པ་བྱེད་དགོས།
ལེའུ་ལྔ་པ། ཁོར་ཡུག་གི་ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་དམངས་ཐེ་ཞུགས།
དོན་ཚན་རེ་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་ཁོར་ཡུག་གི་ཆ་འཕྲིན་སྤྱོད་པའི་དབང་ཆ་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནང་ཐེ་ཞུགས་དང་ལྟ་སྐུལ་བྱེད་པའི་དབང་ཆར་ཁྲིམས་བཞིན་འགན་སྲུང་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁོར་ཡུག་གི་ཆ་འཕྲིན་དོ་དམ་མ་ལག་བཙུགས་ནས་ཁོར་ཡུག་གི་ཆ་འཕྲིན་ཁྲིམས་བཞིན་ཡོངས་བསྒྲགས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ལམ་འཛུགས་དགོས་པ་མ་ཟད། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ལུགས་ཤེས་རྟོགས་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནང་ཐེ་ཞུགས་དང་ལྟ་སྐུལ་བྱ་རྒྱུར་ཕན་བདེ་བསྐྲུན་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་སྡོམ་བྱེད་འགན་ཡོད་པའི་སྡེ་ཚན་གྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན། ཐོལ་བྱུང་ཁོར་ཡུག་དོན་རྐྱེན། སྲིད་འཛིན་ཆོག་འཐུས། སྲིད་འཛིན་ཆད་གཅོད། དེ་བཞིན་གཙོ་གནད་བཙོག་འབུད་ཚན་པའི་མིང་ཐོ་དང་གནས་ས། ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱ་ཁྲལ་འཇལ་ཚུལ། ཁེ་ལས་ཀྱི་ཁོར་ཡུག་ཡིད་རྟོན་གདང་རིམ་སོགས་ཁོར་ཡུག་གི་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བདུན་ཅུ་པ། ཁྲིམས་བཞིན་ངེས་པར་དུ་ཁོར་ཡུག་ལ་གནོད་གཞི་ཇེ་ཡོང་གི་སྙན་ཞུའི་ཡི་གེ་བཟོ་སྒྲིག་བྱེད་དགོས་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཕྱིན། འཛུགས་སྐྲུན་ཚན་པས་བཟོ་སྒྲིག་བྱེད་སྐབས་ངེས་པར་དུ་སྤྱི་དམངས་ཀྱིས་གོ་བདེ་བའི་བྱེད་ཐབས་སྤྱད་དེ་གནོད་སྐྱོན་ཕོག་སྲིད་པའི་སྤྱི་དམངས་ལ་གནས་ཚུལ་གསལ་བཤད་བྱེད་དགོས་ལ། བསམ་འཆར་བསྡུ་ལེན་གང་ལེགས་བྱེད་དགོས་པ་མ་ཟད། སྤྱི་དམངས་ཀྱི་ཚུར་ལན་བསམ་འཆར་ཡང་ཉར་ཚགས་བྱེད་དགོས།
ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུའི་ཡི་གེ་འབྱོར་རྗེས། རྒྱལ་ཁབ་ཀྱི་གསང་གནད་དང་ཚོང་ལས་ཀྱི་གསང་གནད་དང་འབྲེལ་བ་ཡོད་པའི་དོན་ཚན་ཕུད་གཞན་ཚང་མ་ངེས་པར་དུ་ཡོངས་བསྒྲགས་བྱེད་དགོས་པ་དང་། འཛུགས་སྐྲུན་རྣམ་གྲངས་སྐོར་ལ་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་མེད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཛུགས་སྐྲུན་ཚན་པར་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་འགན་དཀྲི་དགོས།
དོན་ཚན་དོན་གཅིག་པ། གཙོ་གནད་བཙོག་འབུད་ཚན་པས་ངེས་པར་དུ་སྤྱི་ཚོགས་ཀྱི་སྦགས་བཙོག་ཡོང་གཞི་གཙོ་བོའི་མིང་དང་། བཙོག་འབུད་བྱེད་སྟངས། བཙོག་འབུད་གར་ཚད་དང་འབོར་ཚད། བཙོག་འབུད་ཚད་བརྒལ་བཅས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ཡོངས་བསྒྲགས་བྱེད་དགོས་པ་དང་། བཙོག་འབུད་ཀྱི་གནས་ཚུལ་དང་ཉེ་འཁོར་གྱི་ཁོར་ཡུག་སྤུས་ཚད་ལ་གནོད་གཞི་བཟོས་པའི་ཆ་འཕྲིན། དེ་བཞིན་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་བཅས་དུས་བཀག་ལྟར་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།
དོན་ཚན་དོན་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁོར་ཡུག་ལ་སྦགས་བཙོག་བཏང་བ་དང་སྐྱེ་ཁམས་གཏོར་བཤིག་བཏང་བའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཁྲིམས་བཞིན་འགན་སྲུང་བྱས་ཏེ་ཐེར་འདོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ལ་ཐེར་འདོན་ཁ་པར་ཨང་གྲངས་དང་། དྲ་ཚུགས། འཕྲིན་གཏོང་བྱེད་གནས་སོགས་ཡོངས་བསྒྲགས་བྱས་ནས་བདག་སྤྲོད་བྱེད་ཁོངས་དང་འགན་འཁྲི་ཁ་གསལ་བཟོ་དགོས།
སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་ཐེར་འདོན་བྱས་པའི་དོན་གནད་ལ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས། ཞིབ་བཤེར་བྱས་པ་བརྒྱུད་ཐེར་འདོན་བྱས་པའི་དོན་གནད་དེ་དོན་དངོས་དང་མཐུན་ཡོད་ཕྱིན་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲད་ཆོག
ཐེར་འདོན་དང་ལེན་ཞུ་མཁན་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་གསང་ནས་ཕྱིར་མི་གྱར་བ་བྱས་ཏེ་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
དོན་ཚན་དོན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྤྱི་དམངས་ཀྱི་ཐེ་ཞུགས་བྱ་རིམ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་བཅས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ནང་ཐེ་ཞུགས་དང་ལྟ་སྐུལ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་དོན་བཞི་པ། བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱ་སྤྱོད་རིགས་མི་དམངས་ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་བྱས་ཆོག
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་དོན་ལྔ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས(ས་ཚུགས)དང་སྦགས་བཙོག་བྱུང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་རང་མཚམས་ཀྱིས་མེད་པར་བཟོས་པའམ་ཡང་ན་བརྗེ་སྒྱུར་བྱས་པའི་རིགས་ལ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད། སྒོར་ཁྲི་2ཡན་ནས་སྒོར་ཁྲི་20མན་གྱི་དངུལ་ཆད་འགེལ་དགོས།
དོན་ཚན་དོན་དྲུག་པ། ཁོར་ཡུག་སྲུང་སྐྱོབ་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་ཀྱིས་མངགས་བཅོལ་བྱེད་རིང་སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལས་འགལ་ཏེ་འོས་ཐོབ་བོགས་མར་བཏང་བ་དང་གཡར་བའམ་ཡང་ན་འོས་ཐོབ་གཏན་འབེབས་ཀྱི་ཁྱབ་ཁོངས་ལས་བརྒལ་ཏེ་ལས་སྒོ་སྒྲུབ་འགན་འཁུར་བའི་རིགས་དང་། འབྲེལ་ཡོད་ཚད་གཞི་དང་། ལག་རྩལ་ཐད་ཀྱི་མཛུབ་ཁྲིད་རྩ་དོན་ལ་གཞིགས་ནས་ལས་དོན་སྤེལ་མེད་པའི་རྐྱེན་གྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་དཔོག་དང་། ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན། གཙང་ལྡན་ཐོན་སྐྱེད་ལ་ཞིབ་དཔྱད་སོགས་བྱེད་པའི་ལས་ཀའི་གཞི་གྲངས་སམ་ཡང་ན་སྡོམ་ཚིག་དེ་དོན་དངོས་དང་མི་མཐུན་པའམ་ཡང་ན་ཁོར་ཡུག་ལ་སྦགས་བཙོག་དང་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་བཏང་བའི་རིགས། འབྲེལ་ཡོད་ཁོར་ཡུག་ཞབས་ཞུའི་བྱེད་སྒོ་སྤེལ་རིང་མི་བདེན་རྫུན་སྒྲིག་བྱས་པའི་རིགས། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད། མཚམས་སྦྱོར་ཞབས་ཞུ་སྒྲུབ་གླ་བླངས་པའི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་གཅོད་རྒྱུ་དང་། དེའི་གཙོ་འགན་འཁུར་མཁན་ལ་སྒོར་ཁྲི་1ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། སྲིད་འཛིན་ཆད་གཅོད་བྱས་འབྲས་དེ་འོས་ཐོབ་སྤྲོད་མཁན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།
དོན་ཚན་དོན་བདུན་པ། སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པ་དང་སོ་བརྒྱད་པའི་གཏན་འབེབས་ལས་འགལ་ཏེ། ཐོན་ཁུངས་གསར་འབྱེད་དང་བེད་སྤྱོད་བྱེད་སྐབས་ཁོར་ཡུག་ལ་སྦགས་བཙོག་བཏང་བའམ་ཡང་ན་རང་བྱུང་ཐོན་ཁུངས་ལ་གཏོར་སྐྱོན་བཏང་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་གྱིས་ཆད་གཅོད་གཏན་འབེབས་བྱེད་ཚེ། ངེས་པར་དུ་ཆད་གཅོད་གཏན་འབེབས་དེ་རིམ་མཚུངས་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་ཡིག་ཐོག་ནས་བརྡ་ཁྱབ་གཏོང་དགོས།
དོན་ཚན་དོན་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་དྲུག་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ནས། གཏེར་རིའི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་དང་ས་ཞིང་བསྐྱར་སྦོལ་ཇུས་གཞི་ངེས་པར་དུ་བཟོ་དགོས་ཀྱང་བཟོས་མེད་རིགས་སམ་ཡང་ན། སྔོག་འདོན་བྱེད་རྒྱ་ཆེ་རུ་བཏང་བ་དང་གཏེར་ཁུལ་གྱི་ཁྱབ་ཁོངས་སམ་ཡང་ན་སྔོག་འདོན་བྱེད་སྟངས་བརྗེ་སྒྱུར་བྱས་ཀྱང་། གཏེར་རིའི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་དང་ས་ཞིང་བསྐྱར་སྦོལ་ཇུས་གཞི་བསྐྱར་དུ་བཟོས་མེད་པ་མ་ཟད། དེ་སྔའི་ཞིབ་མཆན་འགོད་མཁན་ལས་ཁུངས་ཀྱིས་ཆོག་མཆན་མ་སྤྲད་པའི་རིགས་ལ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། གཏེར་རྫས་བདག་དབང་ཡོད་མཁན་རྒྱུན་གཏན་མིན་པའི་མིང་གཞུང་ངམ་ཡང་ན་ཁྲིམས་འགལ་ཚབས་ཆེན་བྱུང་བའི་མིང་ཐོའི་ནང་འཇུག་དགོས། དུས་བཀག་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་སྒོར་ཁྲི་3མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། དེས་གཏེར་འདོན་འཁྲོལ་ཡིག་གསར་པ་རེ་ཞུ་བྱེད་རྒྱུའམ་ཡང་ན་གཏེར་འདོན་འཁྲོལ་ཡིག་རྒྱུན་མཐུད་དང་། བརྗེ་སྒྱུར། ཐོ་ཁུངས་ནས་སུབ་རྒྱུ་བཅས་ཀྱི་རེ་ཞུ་བདག་སྤྲོད་མི་བྱེད་པ་ཡིན།
སྲོལ་ཡིག་འདིའི་དོན་ཚན་ཞེ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ་གཏན་འབེབས་བཞིན་གཏེར་རིའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་སླར་གསོའི་ཐེབས་རྩ་མ་བཏོན་པའི་རིགས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་དུས་བཀག་ནང་འདོན་དུ་འཇུག་དགོས་པ་དང་། དུས་ཚོད་ཡོལ་ཡང་མ་བཏོན་ཚེ། སྒོར་ཁྲི་3མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གཏེར་འདོན་འཁྲོལ་ཡིག་སྤྲོད་མཁན་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་དེའི་གཏེར་འདོན་བྱེད་སྒོ་སྤེལ་རྒྱུའི་ལོ་འཁོར་སྙན་ཞུར་ཆོག་མཆན་སྤྲོད་མི་ཆོག་པ་དང་། དེའི་གཏེར་འདོན་དབང་ཆ་རྒྱུན་མཐུད་དང་བརྗེ་སྒྱུར་བྱེད་པའི་རེ་ཞུར་བདག་སྤྲོད་མི་བྱེད་པ་ཡིན།
དོན་ཚན་དོན་དགུ་པ། སྲོལ་ཡིག་འདིའི་དོན་ཚན་ང་གཅིག་པའི་གཏན་འབེབས་ལས་འགལ་ཏེ་ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་ཁྲིམས་ལྟར་བཙོག་འབུད་འཁྲོལ་ཡིག་མ་རག་པར་སྦགས་བཙོག་ཕྱིར་འབུད་བྱས་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་པའམ་ཡང་ན་ཐོན་སྐྱེད་ཚོད་འཛིན་དང་ཐོན་སྐྱེན་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་དགོས་པ་མ་ཟད། སྒོར་ཁྲི་10ནས་སྒོར་ཁྲི་100བར་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེའི་རིགས་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་སྤྲད་རྗེས་ལས་གཉེར་བྱེད་མཚམས་དང་སྒོ་རྒྱག་ཏུ་འཇུག་དགོས།
དོན་ཚན་བརྒྱད་ཅུ་པ། སྲོལ་ཡིག་འདིའི་དོན་ཚན་ང་གསུམ་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ཏེ། ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་རང་དགར་སྦགས་བཙོག་འགོག་བཅོས་སྒྲིག་ཆས་བཤིག་པའམ་ཡང་ན་བེད་མེད་དུ་བཞག་ནས་སྦགས་བཙོག་བཟོས་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད། འཇལ་སྤྲོད་བྱེད་དགོས་པའི་ཁོར་ཡུག་སྲུང་སྐྱོབ་ཁྲལ་འབབ་ཀྱི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་འགེལ་དགོས།
སྲོལ་ཡིག་འདིའི་དོན་ཚན་ང་གསུམ་པའི་ནང་གསེས་བཞི་པའི་གཏན་འབེབས་ལས་འགལ་ཏེ། ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་གཏན་འབེབས་ལྟར་བཙོག་འབུད་མདོ་ཁ་མ་བཟོས་པའམ་ཡང་ན་ཞིབ་བཤེར་གཏན་འཁེལ་བྱས་མེད་པའི་བཙོག་འབུད་མདོ་ཁ་སྤྱད་དེ་སྦགས་བཙོག་ཕྱིར་འབུད་བྱེད་པ་དང་། སྦགས་བཙོག་གཙང་སེལ་སྒྲིག་ཆས་ཀྱི་བར་གནས་ལས་རིམ་ཁྲོད་ནས་སྦགས་བཙོག་ཕྱིར་འབུད་བཅས་བྱས་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། སྒོར་ཁྲི་2ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ། དུས་ཚོད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་སྒོར་ཁྲི་10ཡན་ནས་སྒོར་ཁྲི་50མན་གྱི་དངུལ་ཆད་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བའི་རིགས། ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་རྗེས་ལས་གཉེར་བྱེད་མཚམས་འཇོག་པ་དང་སྒོ་རྒྱག་ཏུ་འཇུག་དགོས།
དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་རེ་གཅིག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ་བཟོ་སྐྲུན་ཨར་ལས་ཁེ་ལས་ཀྱིས་སྨན་ཁང་དང་། ལུས་གསོ། སྡོད་གནས། རིག་སློབ་ཁུལ་བཅས་དང་དེ་བཞིན་སྡོད་གནས་དང་། ཚོང་ལས། བཟོ་ལས་བཅས་མཉམ་བསྲེས་ཁུལ་དུ་འཛེར་སྒྲ་དང་འབིར་འགུལ་ཚད་ལས་བརྒལ་བའི་བཟོ་སྐྲུན་ཨར་ལས་སོགས་ཀྱི་སྒོ་ལས་སྤེལ་སྐབས། འཛེར་སྒྲ་དང་འབིར་འགུལ་སོགས་ཀྱིས་མཐའ་འཁོར་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བའི་བྱ་ཐབས་མ་སྤྱད་པའི་རིགས་ལ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། གནས་ཚུལ་ཚབས་ཆེ་བའི་རིགས། ཚན་པར་སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་གཅོད་རྒྱུ་དང་། མི་སྒེར་ལ་སྒོར་500ཡན་ནས་སྒོར་2000མན་གྱི་དངུལ་ཆད་གཅོད་རྒྱུ།
སྲོལ་ཡིག་འདིའི་དོན་ཚན་རེ་གསུམ་པའི་གཏན་འབེབས་ལས་འགལ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུ་དང་། ཡོ་བསྲང་གཏན་ནས་མི་བྱེད་པའི་རིགས། སྒོར་200ཡན་ནས་སྒོར་500མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་གྱ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་རེ་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ། ཁེ་ལས་བྱ་གཞག་ཚན་པས་གཏན་འབེབས་གཞིར་བཟུང་ངེས་པར་དུ་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་སྒྲིག་བྱེད་དགོས་ཀྱང་བཟོ་སྒྲིག་མ་བྱས་པའི་རིགས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད་སྒོར་ཁྲི་2ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ། དུས་ཚོད་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ།
སྲོལ་ཡིག་འདིའི་དོན་ཚན་རེ་བརྒྱད་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ། ཁེ་ལས་བྱ་གཞག་ཚན་པས་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ཐོན་པའམ་ཐོན་ཉེན་ཡོད་པའི་སྐབས། གཏན་འབེབས་ལྟར་སྙན་སེང་མ་ཞུས་པ་དང་། ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་དུས་ཐོག་ཏུ་བྱས་མེད་པ། སྦགས་བཙོག་འབྱུང་གཞི་བཀག་མེད་པའམ་བཟོས་པའམ་ཡང་ན་ཚོད་འཛིན་མ་བྱས་པ་དང་། དེ་བཞིན་གནོད་སྐྱོན་ཚབས་ཆེ་རུ་མི་འགྲོ་བའི་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱད་མེད་པ། གནོད་འཚེ་ཕོག་སྲིད་པའི་ཚན་པ་དང་ཡུལ་མིར་དུས་ཐོག་ཏུ་བརྡ་ཁྱབ་མ་བཏང་བ། གནོད་འཚེ་ཕོག་སའི་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་ལ་སྙན་སེང་མ་ཞུས་པ། ཁོར་ཡུག་ལ་སྦགས་བཙོག་དང་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་བཏང་བའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པ་བཅས་ཀྱི་རིགས་ལ་ས་ཆ་དེ་གའི་གཅིག་གྱུར་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་མཁན་མི་དམངས་སྲིད་གཞུང་གིས་ཐོན་སྐྱེད་བྱེད་མཚམས་དང་ལས་གཉེར་མཚམས་འཇོག་བྱེད་དུ་འཇུག་དགོས་ལ། འཁྲོལ་ཡིག་གནས་སྐབས་བཀག་ཉར་བྱེད་པའམ་ཡང་ན་རྩིས་མེད་དུ་གཏོང་དགོས་པ་མ་ཟད། སྒོར་ཁྲི་5ཡན་ནས་སྒོར་ཁྲི་20མན་གྱི་དངུལ་ཆད་གཅོད་རྒྱུ། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་དོན་གཅིག་པའི་གཏན་འབེབས་ལས་འགལ་ཏེ། གཙོ་གནད་བཙོག་འབུད་ཚན་པས་ཁོར་ཡུག་གི་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་པའམ་ཡང་ན་ཇི་མ་ཇི་བཞིན་ཡོངས་བསྒྲགས་བྱས་མེད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱིས་ཡོངས་བསྒྲགས་བྱེད་དུ་འཇུག་དགོས་པ་མ་ཟད། སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་གྱ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས་ཡོད་ཚེ། དངུལ་ཆད་གཅོད་རྒྱུ་མ་ཟད། ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་བཅུག་པའམ་ཡང་ན་ཡོ་བསྲང་བྱེད་དུ་བཅུག་ཀྱང་། ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་གཏན་ནས་མི་འཇོག་པའམ་ཡང་ན་ཡོ་བསྲང་གཏན་ནས་མ་བྱས་པའི་རིགས། ཁྲིམས་ལྟར་ཐག་གཅོད་བྱེད་མཁན་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཡོ་བསྲང་བྱེད་དུ་བཅུག་པའི་ཉིན་གཉིས་པ་ནས་བཟུང་། དེ་སྔའི་དངུལ་ཆད་ཀྱི་གྲངས་འབོར་ལ་གཞིགས་ནས་ཉིན་རེ་བཞིན་བསྟུད་མར་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཁེ་ལས་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་པ་གཞན་དག་གིས་ཁྲིམས་དང་འགལ་ཏེ་སྦགས་བཙོག་ཕྱིར་འབུད་བྱས་པའམ་ཡང་ན་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་རིགས་དང་།
(གཉིས)གཙོ་གནད་བཙོག་འབུད་ཚན་པས་ཁོར་ཡུག་སྐོར་གྱི་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་པའམ་ཡང་ན་ཇི་མ་ཇི་བཞིན་ཡོངས་བསྒྲགས་མ་བྱས་པའི་རིགས།
(གསུམ)གཅིག་སྡུད་ཐོག་སྦགས་བཙོག་གཙང་སེལ་ཚན་པས་རྒྱུན་ལྡན་ལྟར་ལས་གཉེར་མ་བྱས་པའམ་ཡང་ན་ཁོར་ཡུག་སྲུང་སྐྱོབ་གཙོ་འགན་སྡེ་ཚན་གྱི་མོས་མཐུན་མ་ཐོབ་པར་གཅིག་སྡུད་ཐོག་སྦགས་བཙོག་གཙང་སེལ་སྒྲིག་བཀོད་སྤྱོད་མཚམས་བཞག་པའི་རིགས།
(བཞི)ཁྲིམས་ལྟར་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་ཞིབ་ཡིག་ཆ་གོང་འབུལ་མ་ཞུས་པའམ་ཡང་ན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་ཞིབ་ཡིག་ཆར་ཆོག་མཆན་མ་ཐོབ་ཀྱང་འཛུགས་སྐྲུན་ཚན་པས་རང་དགར་འཛུགས་སྐྲུན་བྱེད་འགོ་བཙུགས་པའི་རིགས།
(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱ་སྤྱོད་གཞན་དག་བཅས་ཡིན།
དོན་ཚན་གྱ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁུར་བ་གཞན་དག་ལ་སྐྱོན་ཐོ་འགོད་པ་དང་། སྐྱོན་ཆེན་ཐོ་འགོད་དམ་ཡང་ན་རིམ་པ་གཅོག་རྒྱུའི་ཆད་པ་གཅོད་རྒྱུ་དང་། མཇུག་འབྲས་ཚབས་ཆེན་བཟོས་ཚེ་གོ་གནས་ཕྱིན་འཐེན་ནམ་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ་མ་ཟད། དེའི་འགན་འཁུར་བ་གཙོ་བོས་ངེས་པར་དུ་འགན་འཛོལ་ལས་དགོངས་ཞུ་དགོས་པ་སྟེ།
(གཅིག)སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ནས་ལག་བསྟར་བྱེད་དུ་བཅུག་མེད་པའི་རིགས་དང་།
(གཉིས)སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་ཁུལ་གྱི་དབྱེ་མཚམས་ཕྱེ་ནས་ལག་བསྟར་བྱེད་དུ་བཅུག་མེད་པའི་རིགས།
(གསུམ)འཆར་འགོད་དེས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་ཞིབ་བྱས་མེད་ཀྱང་རང་དགར་ལག་བསྟར་བྱས་པའི་རིགས།
(བཞི)ཇུས་ཐག་བཅད་ནོར་ཤོར་ནས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཟོས་པའམ་སྐྱེ་ཁམས་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་རིགས།
(ལྔ)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཐོན་ལས་སྲིད་ཇུས་ལས་འགལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏན་འབེབས་དང་མི་མཐུན་པའི་ལག་རྩལ་དང་། སྒྲིག་ཆས། བཟོ་རྩལ་བཅས་ནང་འདྲེན་བྱས་པའི་རིགས།
(དྲུག)ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་ཞིབ་མ་བྱས་པར་རང་དགར་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་ཆོག་མཆན་སྤྲད་པའི་རིགས།
(བདུན)སློབ་གྲྭ་དང་། ཡུལ་མི་སྡོད་ཁུལ། སྨན་ཁང་། ལུས་གསོ་ཁང་སོགས་ཁོར་ཡུག་གི་གནོད་གཞི་ཡོང་སླ་བའི་བཟོ་སྐྲུན་མཐའ་འཁོར་རམ་ཡང་ན་ས་མཚམས་བཅད་པའི་ཚོད་འཛིན་ཁུལ་དུ་འཛེར་སྒྲ་ཆེ་བ་དང་། གློག་ཁབ་ལེན། རིམས་ནད་རིགས་མཆེད་པ། དེ་བཞིན་དྲི་ངན་དང་ཐལ་རྡུལ་འཕྱུར་བ་སོགས་སྒྲིག་མེད་ལུགས་མེད་ཀྱིས་རླུང་ཁམས་ཆེ་མོར་སྦགས་བཙོག་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཆོག་མཆན་སྤྲད་པའི་རིགས།
(བརྒྱད)ཆོག་མཆན་སྤྲོད་མི་ཆོག་པའི་ལམ་ལུགས་ལས་འགལ་ཏེ་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་དཔྱད་ཞིབ་ཡིག་ཆར་ཆོག་མཆན་སྤྲད་པའི་རིགས།
(དགུ)གཏན་འབེབས་བཞིན་ཉེན་ཆེའི་ཟོག་རོ་དང་གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་ལམ་ཡང་ན་འཚོ་བའི་བཙོག་ཆུ་གཙང་གསིང་མ་བྱས་པའི་རྐྱེན་གྱིས་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་རིགས།
(བཅུ)བཅའ་ཁྲིམས་ལས་འགལ་ཏེ་སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་བཙན་ཤེད། སྲིད་འཛིན་ཆད་གཅོད་བཅས་ལག་བསྟར་བྱས་པའི་རིགས།
(བཅུ་གཅིག)གཏན་འབེབས་ལྟར་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་སྒྲིག་མ་བྱས་པའམ་ཡང་ན་གཏན་འབེབས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ཐག་གཅོད་མ་བྱས་པའི་རིགས།
(བཅུ་གཉིས)ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་བཀག་ཉར་དང་། ཧམ་བཟུང་། གཞན་སྤྱོད་བཅས་བྱས་པའི་རིགས།
(བཅུ་གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁྲིམས་འགལ་བྱ་སྤྱོད་གཞན་དག་བཅས་སོ།
དོན་ཚན་གྱ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་གྱ་བདུན་པ། སྲོལ་ཡིག་འདིའི་ནང་འཁོད་པའི“མཚན་མོ”ཞེས་པ་ནི་ཉིན་དེའི་དགོང་མོའི་ཆུ་ཚོད་23ནས་ཕྱི་ཉིན་ཞོགས་པའི་ཆུ་ཚོད་8པ་བར་ཡིན།
དོན་ཚན་གྱ་བརྒྱད་པ། སྲོལ་ཡིག་འདི་2018ལོའི་ཟླ་12ཚེས་1ཉིན་ནས་ལག་བསྟར་བྱས་པ་དང་། 2003ལོའི་ཟླ་7ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)