ཝང་ཅུན་ཀྲེང་གིས་ཧུའུ་ཡུས་ཐིང་བཅས་པ་དང་བཞུགས་མོལ་གནང་བ།
ཁྲེན་ཡུང་ཆི་ཞུགས་པ།
ཟླ་9ཚེས་9ཉིན་ནས་ཚེས་13ཉིན་བར། ཅི་ལིན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཧུའུ་ཡུས་ཐིང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།
● སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།
ཟླ་9ཚེས་9ཉིན་ནས་ཚེས་13ཉིན་བར། ཅི་ལིན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཧུའུ་ཡུས་ཐིང་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གི་ཚབ་ཞུས་ནས་ཧུའུ་ཡུས་ཐིང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ལོ་མང་རིང་། ཅི་ལིན་ཞིང་ཆེན་གྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚད་མཐོའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་དང་། དོན་ཆུང་དང་ཞིབ་ཕྲའི་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས། ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་དང་། ཁྱབ་ཁོངས་རྒྱ་ཆེ། རིམ་པ་མང་བའི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་བ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ཅི་ལིན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་། སྒྱུར་བཅོས་ཟབ་ཏུ་གཏོང་བ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཅི་ལིན་གྱི་ཐོན་ལས་རྨང་གཞི་བརྟན་ལ་ས་བབ་ཀྱི་ལེགས་ཆ་དམིགས་བསལ་ལྡན་པ་དང་། བོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཉམ་དུ་སློབ་སྦྱོང་དང་ལག་བསྟར་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར། སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་གཉིས་ཕན་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཐོན་ལས་སྐྱེད་སྲིང་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་དང་། གཉིས་ཁེ་གཉིས་ཕན་དང་དགེ་སྤེལ་སྐྱོན་སྤོང་མཐའ་འཁྱོངས། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། ནུས་རྒྱུ་གཙང་མ། ཀུན་སྤྱོད་མཁའ་འགྲུལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྱད་ལྡན་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གསར་སྤེལ་དང་མཉམ་ལས་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་དང་། འབྲེལ་མཐུད་མཉམ་སྒྲུབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚོང་གཉེར་གྱི་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་ལས་གཏོད་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། ཕྱོགས་ཡོངས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཧུའུ་ཡུས་ཐིང་གིས་དང་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་ཡུན་རིང་ཅི་ལིན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ཅི་ལིན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཅི་ལིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཅི་ལིན་ཞིང་ཆེན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཁ་གཏད་རོགས་སྐྱོར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསྒྲུབས་པར་བརྟེན། བོད་སྐྱོར་གྱི་ལས་འགན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ང་ཚོས་བོད་དུ་ལག་བསྟར་བྱེད་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སློབ་སྦྱོང་ནན་ཏན་བྱས་ཏེ་བོད་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཡག་པོ་ཁུར་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་བརྩེ་སེམས་ཟབ་མོ་མུ་མཐུད་རྒྱུན་འཛིན་ཡག་པོ་བྱེད་ཀྱི་ཡིན་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འབྲེལ་མཐུད་མཉམ་ལས་ཀྱི་འགོ་འཛུགས་ས་གནད་ལ་འཁེལ་པོས་བཙལ་འཚོལ་དང་། ཕྱོགས་གཉིས་པོའི་དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མ་རྩ་དང་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
བོད་དུ་བཞུགས་རིང་། ཅི་ལིན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་ས་གནས་གཉིས་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། ཅི་ལིན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་ཀླུ་སྒུག་སྡེ་ཁུལ་དང་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་ལ་རྟོག་ཞིབ་གནང་བ་དང་སྐྱིད་གྲོང་རྫོང་དང་། གཏིང་སྐྱེས་རྫོང་། ས་དགའ་རྫོང་བཅས་སུ་ཕེབས་ནས་སློབ་གསོའི་རོགས་སྐྱོར་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་མཐོ་རུ་གཏོང་བ་སོགས་བོད་སྐྱོར་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བ་རེད།