དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-13

    ● འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་དྲ་རྒྱ་ཆེན་པོའི་བདེ་འཇགས་ལས་དོན་གྱི་རྣམ་པ་བཏོད་དེ་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཏང་ཨུད་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། དྲ་རྒྱའི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དྲ་རྒྱའི་བདེ་འཇགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་རྒྱའི་བདེ་འཇགས་ལས་དོན་གྱི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་རྒྱའི་བདེ་འཇགས་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རྩལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པ། ས་ཁུལ(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་དྲ་རྒྱའི་བདེ་འཇགས་ལས་དོན་ལ་མཐོང་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། དྲ་རྒྱའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་སྔོན་འགོག་ནུས་ལྡན་དང་སེལ་བར་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ནུས་པ་གལ་ཆེན་བཏོན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་པ། དྲ་རྒྱའི་བདེ་འཇགས་ལ་སྲུང་བ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་རེད། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཡག་པོ་གཉེར་བར་སྡེ་ཚན་ཁག་གི་ཐོན་ཁུངས་སྐོང་འཐེན་གང་ལེགས་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་ལས་ཁུངས་དང་། ཁེ་ལས། སློབ་གྲྭ སྡེ་ཁུལ། གྲོང་གསེབ། འབྲོག་ཁུལ་བཅས་སུ་སྤེལ་བར་སྐུལ་འདེད་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་རྩལ་ནུས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ“མི་ཚང་མ་དེའི་ནང་ཞུགས་པ་དང་མི་ཚང་མར་ཕན་པ་ཐོབ་པའི”དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    ཚེས་11ཉིན་གྱི་སྔ་དྲོ། 2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་ཆབས་ཅིག་ཤིས་ཚིག་ཀྱང་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཀང་ཚོགས་འདུར་ཕེབས་ཡོད་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ཤིས་ཚིག་སྒྲོན་སྐབས། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་ནི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། བདེ་འཇགས་དང་། ཤེས་དཔལ། སྐྱོན་བྲལ་བཅས་ཀྱི་དྲ་རྒྱའི་བར་མཐོངས་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་རང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བཙུགས་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ལེགས་ཆ་འདོན་སྤེལ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། དྲ་རྒྱའི་བར་མཐོངས་ཟམ་མི་ཆད་པར་ལེགས་པ་དང་ཡག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲ་རྒྱའི་དྲིལ་བསྒྲགས་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”དང“ཇོ་རིའི་སྤྲིན་སྟེགས”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲ་ཐོག་ཏུ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་དགོས། གཙོ་རྒྱུན་གྱི་གླེང་ཕྱོགས་སྟོབས་ཆེར་བཏང་སྟེ་དྲ་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་ཁྱབ་སྤེལ་གྱི་དྲ་རྒྱའི་དྲིལ་བསྒྲགས་ཐོན་རྫས་དེ་བས་མང་བ་བཏོན་ནས། དྲ་རྒྱའི་བདེ་འཇགས་ལ་མི་ཚང་མ་ཞུགས་པ་དང་། མི་ཚང་མར་འགན་འཁྲི་ཡོད་པ། མི་ཚང་མས་མཉམ་སྤྱོད་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དྲ་རྒྱའི་སྨྱན་སྦྱོར་གསར་པ་དང“སྒེར་གྱི་སྨྱན་སྦྱོར”གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཡུལ་ས་བརྟན་པོ་སྲུང་བ་དང་ཡག་པོ་སྤྱོད་པ་བཅས་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་མ་ཐོན་པ་བྱེད་དགོས། ཁྲིམས་ལྟར་དྲ་རྒྱའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་དྲ་རྒྱའི་བར་མཐོངས་ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏིང་ཟབ་གཏོང་བ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་གི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་དྲ་ཐོག་ཏུ་ཆ་འཕྲིན་ངན་པ་བརྒྱུད་སྤེལ་གཏན་འགོག་བྱེད་དགོས། ཚོགས་སྤྱི་མི་འདྲ་བར་དོ་ཁུར་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་ལས་ཁུངས་དང་། སྡེ་ཁུལ། ཞིང་འབྲོག་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་དང་དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་འགོག་སྲུང་གི་འཇོན་ཐང་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་ཚོགས་སྤྱིར་ཁྲིམས་ལྟར་དྲ་རྒྱ་སྤྱོད་པ་དང་ཡ་རབས་ངང་དྲ་རྒྱར་ཞུགས་པར་ཁྲིད་སྟོན་བྱེད་པ་དང་སྣང་ཆེན་བཅས་བྱས་ནས་དྲ་རྒྱའི་བདེ་འཇགས་འགོག་སྲུང་མཉམ་དུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།