ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་9ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག(འཆར་ཟིན)》ལ་ཞིབ་འཇུག་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ཁུལ་འཛུགས་སྐྲུན་གྱི་ལས་ཀའི་སྙན་སེང་གསན་པ། ལྷག་པའི་གནད་དོན་ཞིབ་འཇུག་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤའོ་ཡིའུ་ཚའེ་དང་། ཀྲང་ཧུང་པོ། ཝེ་ཤིའུ་ཁྲང་བཅས་ཚོགས་འདུར་ཞུགས་པ་རེད།
ཁྲེན་ཡུང་ཆིས་གསུངས་དོན། རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག་བཟོ་དོན་ནི་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།《སྲོལ་ཡིག》བཟོ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ལག་བསྟར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ། སྲོལ་ཡིག་དང་ཡིག་ཆ་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གང་མགྱོགས་འདོན་པར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཚད་གཞི་དང་བསྡུར་བའི་བྱ་སྤྱོད་ལ་མུ་མཐུད་ཤུགས་རྒྱག་པ། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་ཉམས་མྱོང་དང་བྱ་ཐབས་ཡག་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས“ཡག་ཤོས་བཞི”དངོས་འབྲེལ་ཐུབ་པར་བྱེད་དགོས་པ་དང་། འོས་སྐུལ་འོས་དཔོད་ཀྱི་ཆེད་དོན་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་བ་དང་བསམ་འཆར་མང་བའི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་གཅོད་དང་དམར་རྗེན་དུ་འདོན་ཤུགས་ཆེ་རུ་བཏང་ནས་ཉེན་བརྡ་དང་ཟིལ་གནོན་གྱི་ནུས་པ་འདོན་དགོས་པ། སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བར་ཚད་བརྒལ་ཡོང་ཐབས་བྱས་ཏེ། དྲ་གཅིག་ཀུན་སྒྲུབ་དང་། ཐེངས་གཅིག་ལ་ཤེས་སུ་འཇུག་པ། ཐེངས་གཅིག་ལ་ཐག་གཅོད་བཅས་ལག་བསྟར་བྱས་ནས། ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན་ཚོམས་ཆེན་དུ་གཉེར་བ་དང་སྤྱི་པའི་ཉོ་ཚོང་ལྟེ་གནས་སུ་གཉེར་ཏེ་སྒྲུབ་དགོས་རིགས་ཚང་མ་སྒྲུབ་དགོས་པ། གཙོ་རྒྱུའི་ཁོར་ཡུག་ལེགས་སུ་གཏོང་བར་ཕན་འབྲས་དངོས་ཐོན་པར་བྱས་ནས། ས་ཆ་དང་། ཆུ། གློག ལས་མི་བཀོལ་སྤྱོད་ཕན་འབྲས་ཆེ་ལ་གནད་སྨིན་མཁོ་སྤྲོད་ལ་སྐུལ་འདེད་གཏོང་བ་དང་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ། ཁྲོམ་རའི་བྱེད་པོའི་ཐོབ་སྣང་ཆེ་རུ་གཏོང་དགོས་པ། རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་བརྒྱབ་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་པའི་ནུས་པ་གང་ལེགས་འདོན་དགོས་པ། སྲིད་ཇུས་སྒྲོག་འགྲེལ་དང་ཁོར་ཡུག་གཏོད་ནས་དྲིལ་བསྒྲགས་ལས་དོན་ལ་ཤུགས་བརྒྱབ་སྟེ། ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་རམ་འདེགས་བྱེད་དགོས།
ཁྲེན་ཡུང་ཆིས་ནན་བཤད་གནང་དོན། ཉིང་ཁྲི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཉིང་ཁྲི་གྲོང་ཁྱེར་གྱིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་ཕྱོགས་ཁག་གི་འགན་འཁྲི་ཏན་ཏིག་འཁུར་ནས། རང་སྐྱོང་ལྗོངས་ཀྱི་བསམ་འཆར་དང་། རྒྱབ་སྐྱོར་སྲིད་ཇུས་དང་བྱ་ཐབས་ཁག འབྲེལ་ཡོད་སྡེ་ཚན་གྱི་བྱ་ཐབས་ཞིབ་ཚགས་དང་ཉིང་ཁྲི་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི་བཅས་དོན་འཁྱོལ་ཡག་པོ་བྱེད་དགོས། སྒྲིག་འཛུགས་ཞིབ་ཚགས་དང་། གཞོགས་འདེགས་དམ་ཟབ། སྲིད་ཇུས་དང་གཙོ་རྒྱུའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཉིང་ཁྲིའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་གྱིས་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེར་སྣེ་ཁྲིད་བྱེད་དགོས།