ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།
མའོ་དབན་ཁྲུན་དང་ཁྲེན་ཡུང་ཆིས་གསུང་བཤད་གནང་བ།
ཟླ་8ཚེས་31ཉིན་ནས་ཟླ་9ཚེས་5ཉིན་བར་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཧུའུ་ནན་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མའོ་དབན་ཁྲུན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཧུའུ་ནན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་ཀྲང་དབྱིང་ཁྲུན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རང་སོ་སོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
མའོ་དབན་ཁྲུན་གྱིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་། ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་དང་ཧྲེང་ཀྲང་མའོ་ཝུའེ་མིང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧུའུ་ནན་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཧུའུ་ནན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཁོང་གིས་ད་རེས་ཀྱི་རྟོག་ཞིབ་དང་སློབ་སྦྱོང་གི་གྲུབ་འབྲས་དེ་ཁ་གཏད་རོགས་སྐྱོར་དང་ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་ཀྱི་ཕན་འབྲས་དངོས་ལ་བསྒྱུར་དགོས། ཧུའུ་ནན་དང་བོད་ཀྱིས་ལག་གདང་སྦྲེལ་ནས་འབྱུང་འགྱུར་བཏོད་དེ་འཐབ་ཇུས་སྦྲེལ་མཐུད་དང་། ཐོན་ལས་མཉམ་ལས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཁ་གཏད་བོད་སྐྱོར་བཅས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་རོགས་སྐྱོར་ལས་དོན་སྤེལ་བར་དགའ་བསུ་ཞུས་པ་དང་འབྲེལ། ཧུའུ་ནན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་ཧུའུ་ནན་དང་བོད་གཉིས་ཀྱི་ལེགས་ཆ་ཡག་པོ་བཏོན་ཏེ་ཚན་རྩལ་གསར་གཏོད་དང་། ཐོན་ལས་སྐྱེད་སྲིང་། རིག་གནས་ཡུལ་སྐོར། མི་ཆོས་རིག་གནས་སྤེལ་རེས་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་ལས་ཐུན་མོང་ཐོག་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པ་བཅས་བྱས་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
བོད་དུ་སྡོད་རིང་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་སྔ་རྗེས་སུ་གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་དང་། ཐོན་ལས་གླིང་ཁུལ། རིག་གནས་ཁང་། སློབ་གྲྭ སྨན་ཁང་སོགས་སུ་བསྐྱོད་དེ་བོད་སྐྱོར་རྣམ་གྲངས་ཀྱི་འཕེལ་རིམ་གྱི་གནས་ཚུལ་ལ་རྟོག་ཞིབ་དང་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་འཚམས་འདྲི་གནང་བ་དང་འབྲེལ། ལྷོ་ཁར་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་པའི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།