བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ།
(1988ལོའི་ཟླ་7ཚེས་15ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་གྲོས་འཆམ་བྱུང་བ་དང་། 1997ལོའི་ཟླ་11ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2000ལོའི་ཟླ་11ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2005ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས། 2008ལོའི་ཟླ་9ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་མ་བཅོས་ཐེངས་དང་པོ་བྱས། 2018ལོའི་ཟླ་3ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་གཞིར་བཟུང་དག་བཅོས་ཐེངས་བཞི་པ་བྱས། 2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་མ་བཅོས་ཐེངས་གཉིས་པ་བྱས)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2023〕ཨང་4པ།
《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ》འདི་2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2023ལོའི་ཟླ་དང་པོའི་ཚེས་18ལ།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་གོ་རིམ་འཐུས་སྒོ་ཚང་དུ་བཏང་ནས་དེས་འགན་དབང་སྤྱོད་པར་འགན་སྲུང་དང་ཚད་ལྡན་དུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་འཛུགས་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལམ་སྲོལ་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཅད་འགན་དབང་དང་ཁྲིམས་བཅད་གོ་རིམ་ལྟར་ཚོགས་འདུ་འཚོགས་པ་དང་ལས་དོན་སྤེལ་རྒྱུ།
དོན་ཚན་གསུམ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་གོང་འཕེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་འབྲེལ་གཏུག་དམ་ཟབ་ཀྱིས་མི་དམངས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། མི་དམངས་ཀྱི་འདོད་བློ་མཚོན་པ་དང་མི་དམངས་ཀྱི་ཁེ་དབང་འགན་སྲུང་བཅས་བྱེད་དགོས།
དོན་ཚན་བཞི་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིར་གྲོས་ཞིབ་དང་དོན་གནད་གཏན་འཁེལ་བྱེད་སྐབས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱས་ནས་དམངས་གཙོ་དར་སྤེལ་གང་ལེགས་དང་ཐུན་མོང་ཐོག་འགན་དབང་སྤྱོད་དགོས།
ལེའུ་གཉིས་པ། ཚོགས་འདུ་འཚོག་སྟངས།
དོན་ཚན་ལྔ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དེ་ཟླ་གཉིས་རེར་ཉུང་མཐར་ཡང་ཐེངས་རེ་འཚོག་རྒྱུ་དང་། སྤྱིར་བཏང་ཡ་གྲངས་ཟླ་བར་འཚོག་རྒྱུའི་བཀོད་སྒྲིག་བྱ་རྒྱུ་དང་། དགོས་ངེས་ཀྱི་སྐབས་སུ་ཚོགས་འདུ་འཕར་མ་ཚོགས་ཆོག ཚོགས་འདུ་སྐོང་འཚོག་བྱེད་པའི་དུས་ཚོད་དེ་ཀྲུའུ་རེན་ཚོགས་འདུས་གཏན་འཁེལ་བྱ་རྒྱུ། དམིགས་བསལ་གནས་ཚུལ་སྐབས་སུ་ཀྲུའུ་རེན་ཚོགས་འདུས་གཏན་འབེབས་བྱས་པ་བརྒྱུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐབས་ཐོག་ཏུ་ཚོགས་ན་འགྲིག དམིགས་བསལ་གནས་ཚུལ་སྐབས་སུ་ཀྲུའུ་རེན་ཚོགས་འདུས་གཏན་འབེབས་བྱས་པ་བརྒྱུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་དྲ་རྒྱའི་བརྙན་ལམ་ཚོགས་འདུར་ཞུགས་ན་འགྲིག
དོན་ཚན་དྲུག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་དེའི་ཁོངས་མི་ཡོངས་ཀྱི་མི་གྲངས་ཕྱེད་ཀ་ཡན་འཛོམས་ན་གཞི་ནས་ཚོགས་ཆོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་སྐོང་ཚོགས་བྱ་རྒྱུ་མ་ཟད་གཙོ་སྐྱོང་བྱ་རྒྱུ་དང་། ཀྲུའུ་རེན་གྱིས་ཀྲུའུ་རེན་གཞོན་པར་ཚོགས་འདུ་སྐོང་ཚོགས་དང་གཙོ་སྐྱོང་བྱ་རྒྱུ་མངགས་ཆ་བྱས་ན་འགྲིག རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོག་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ངེས་པར་དུ་ཚོགས་འདུར་དུས་ཐོག་ཏུ་ཞུགས་དགོས། ནད་གཞིའམ་ཡང་ན་དམིགས་བསལ་རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་ཚོགས་འདུར་ཞུགས་མ་ཐུབ་ཚེ། ངེས་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ཚན་པ་བརྒྱུད་ཀྲུའུ་རེན་ནམ་ཡང་ན་ལས་དོན་གཙོ་སྐྱོང་བྱེད་མཁན་ཀྲུའུ་རེན་གཞོན་པར་ཡིག་ཐོག་ནས་དགོངས་པ་ཞུ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོགས་འདུར་ཞུགས་ཐུབ་མིན་གྱི་གནས་ཚུལ་དེ་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུའི་ཐོག་བརྡ་ཁྱབ་གཏོང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་རང་འགན་གཙང་སྒྲུབ་ཀྱིས་གྲོས་གཞི་དང་སྙན་སྒྲོན་ཁག་ལ་གྲོས་ཞིབ་ནན་ཏན་བྱ་རྒྱུ་དང་། ཚོགས་འདུའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་དགོས།
དོན་ཚན་བདུན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཡོངས་གྲགས་སུ་འཚོག་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དུས་ཚོད་དང་། གྲོས་རིམ། ཉིན་རེའི་ལས་རིམ། ཚོགས་འདུའི་གནས་ཚུལ་བཅས་ཡོངས་བསྒྲགས་བྱེད་དགོས། དགོས་ངེས་སྐབས་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འབེབས་བྱས་པ་བརྒྱུད་འབྲེལ་ཡོད་གྲོས་རིམ་གནས་སྐབས་ཡོངས་བསྒྲགས་མ་བྱས་ན་འགྲིག
དོན་ཚན་བརྒྱད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་འཆར་ཟིན་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་འཆར་འགོད་གཏན་འབེབས་བཟོས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུའི་ཐོག་གཏན་འཁེལ་བྱ་རྒྱུར་འབུལ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་རིང་ཚོགས་འདུའི་གྲོས་རིམ་ལ་འགྱུར་ལྡོག་གཏོང་དགོས་ཚེ་ཀྲུའུ་རེན་ཚོགས་འདུར་བཟོས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུའི་ཐོག་གྲོས་ཞིབ་གཏན་འཁེལ་བྱ་རྒྱུར་འབུལ་དགོས། ཚོགས་འདུའི་ཉིན་རེའི་ལས་རིམ་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འཁེལ་བྱ་རྒྱུ།
དོན་ཚན་དགུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཚོགས་སྐབས་གཤམ་གསལ་མི་སྣ་ཚོགས་འདུར་ཟུར་ཞུགས་བྱེད་དགོས་པ་སྟེ།
(གཅིག)རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་མི་སྣ་དང་།
(གཉིས)རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ། ཆུད་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ།
(གསུམ)རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མིན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་བྱེད་ཚན་པའི་འགན་འཁུར་མི་སྣ།
(བཞི)ཀྲུའུ་རེན་ཚོགས་འདུར་གདན་ཞུ་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྫོང་(ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ།
(ལྔ)ཀྲུའུ་རེན་ཚོགས་འདུར་གཏན་འབེབས་བྱས་པའི་ཟུར་ཞུགས་མི་སྣ་གཞན་དག་བཅས་སོ། དམིགས་བསལ་གྱི་གནས་ཚུལ་ཐོན་ཚེ་ཀྲུའུ་རེན་ཚོགས་འདུར་གཏན་འབེབས་བྱས་པ་བརྒྱུད་ཟུར་ཞུགས་མི་སྣའི་ཁྱབ་ཁོངས་བཟོ་སྐྱོར་བྱས་ཆོག
ཟུར་ཞུགས་མི་སྣར་གཏམ་བཤད་བྱེད་དབང་ཡོད་ཀྱང་བརྡས་ཐག་གཅོད་དབང་མེད།
དོན་ཚན་བཅུ་པ། ཀྲུའུ་རེན་ཚོགས་འདུའི་ཐོག་དགོས་པ་འདུག་སྙམ་ན་སྤྱི་དམངས་སམ་ཡང་ན་སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུར་ཟུར་ཉན་བྱེད་པར་གདན་ཞུ་བྱས་ན་འགྲིག་པ་དང་། ཚོགས་འདུར་ཟུར་ཉན་བྱེད་མཁན་གྱི་མཚན་ཐོ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་བྱེད་ཚན་པས་འདོན་རྒྱུ།
དོན་ཚན་བཅུ་གཅིག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གཞོན་པས་ཚོགས་འདུར་ཟུར་ཞུགས་བྱེད་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རྫོང་(ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ་བསྐོངས་ནས་བཞུགས་མོལ་བྱས་ཆོག
དོན་ཚན་བཅུ་གཉིས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ཚན་པས་ངེས་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་འཚོག་གོང་གི་ཉིན་བདུན་ནང་། ཀྲུའུ་རེན་ཚོགས་འདུས་གཏན་འབེབས་བྱས་པའི་ཚོགས་འདུ་འཚོགས་པའི་དུས་ཚོད་དང་ཚོགས་འདུའི་ཐོག་གྲོས་བསྡུར་བྱ་རྒྱུར་གྲོས་འཆར་བཏོན་པའི་དོན་གནད་གཙོ་བོ་རྣམས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཚོགས་འདུར་ཟུར་ཞུགས་བྱེད་མཁན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། ཉིན་ལྔའི་གོང་ནས་ཚོགས་འདུའི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་དགོས། སྐབས་འཕྲལ་ཚོགས་འདུ་ཚོགས་དགོས་ཚེ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་ལྟར་མ་བྱས་ན་འགྲིག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་སྐུལ་ལྕག་བཏང་ནས་གཏན་འབེབས་དུས་བཀག་ནང་འབྲེལ་ཡོད་ཚོགས་འདུའི་དཔྱད་ཡིག་མཁོ་འདོན་བྱེད་དུ་འཇུག་དགོས།
དོན་ཚན་བཅུ་གསུམ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་མ་འཚོག་གོང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཚན་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་གྲོས་གཞིར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་མ་ཟད། དེའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞུགས་རྒྱུར་གདན་ཞུ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དཔྱད་གཟིགས་ཡིག་ཆར་བརྩིས་ན་འགྲིག
དོན་ཚན་བཅུ་བཞི་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོག་སྐབས་ངེས་པར་དུ་ཚང་འཛོམས་ཚོགས་འདུ་དང་ཚོགས་ཆུང་ཁག་བགོས་ཚོགས་འདུ་འཚོག་དགོས་པ་དང་། དགོས་མཁོར་གཞིགས་ཏེ་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུ་འཚོག་དགོས།
ཚང་འཛོམས་ཚོགས་འདུ་དང་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གྱིས་མངགས་པའི་ཀྲུའུ་རེན་གཞོན་པས་གཙོ་སྐྱོང་བྱ་རྒྱུ་དང་། ཚོགས་ཆུང་ཁག་བགོས་ཚོགས་འདུ་དེ་ཚོགས་ཆུང་ཚོགས་འདུ་སྐོང་ཚོགས་བྱེད་མཁན་གྱིས་གཙོ་སྐྱོང་བྱ་རྒྱུ། སྐོང་ཚོགས་བྱེད་མཁན་གྱིས་ངེས་པར་དུ་ཚོགས་འདུའི་ཉིན་རེའི་ལས་རིམ་གཞིར་བཟུང་གྲོས་རིམ་ཁག་ལ་རིམ་པ་བཞིན་གྲོས་ཞིབ་བྱེད་དགོས། ཚོགས་ཆུང་ཁག་བགོས་ཀྱི་མཚན་ཐོ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ཚན་པས་འཆར་འགོད་གཏན་འབེབས་བྱས་ནས་དྲུང་ཡིག་ཆེ་མོར་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས་པ་མ་ཟད། དུས་བཀག་ལྟར་ལེགས་སྒྲིག་ཀྱང་བྱེད་དགོས། ཚོགས་ཆུང་སྐོང་ཚོགས་བྱེད་མཁན་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འཁེལ་བྱ་རྒྱུ།
དོན་ཚན་བཅོ་ལྔ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོག་སྐབས་ངེས་པར་དུ་ཚོགས་འདུའི་དུས་ཡུན་དང་། གྲོས་རིམ། ཉིན་རེའི་ལས་རིམ་བཅས་བཀོད་སྒྲིག་ལུགས་མཐུན་བྱས་ནས་དགོས་ངེས་ཀྱི་གྲོས་ཞིབ་དུས་ཚོད་འགན་ལེན་བྱེད་དགོས་པ་དང་། དོན་གྲོས་ཀྱི་སྤུས་ཚད་ལེགས་སུ་དང་ལས་ཆོད་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་དྲུག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོག་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་དགོས་པ་དང་ཆབས་ཅིག་བོད་སྐད་ཡིག་སྤྱོད་དགོས།
ལེའུ་གསུམ་པ། གྲོས་གཞི་འདོན་ལུགས།
དོན་ཚན་བཅུ་བདུན་པ། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་ཁོངས་སུ་གཏོགས་པའི་གྲོས་གཞི་འདོན་ཆོག་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཁྲིམས་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་ཁོངས་སུ་གཏོགས་པའི་གྲོས་གཞིའི་རིགས་འདོན་ཆོག་ཅིང་། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱ་རྒྱུའམ་ཡང་ན་སྔོན་ལ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་ནས་སྙན་ཞུ་བཏོན་རྗེས་གཞི་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་ཀྱིས་ཁྲིམས་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་མི་དོན་བསྐོ་འཐེན་བྱ་རྒྱུའི་གྲོས་གཞི་འདོན་རྒྱུ།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྔ་ཡན་གྱིས་མིང་མཉམ་བཀོད་ཐོག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་ཁོངས་སུ་གཏོགས་པའི་གྲོས་གཞིའི་རིགས་འདོན་ཆོག་པ་དང་། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་མིན་གཏན་འབེབས་བྱ་རྒྱུ་དང་། ཡང་ན་སྔོན་ལ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་དེ་སྙན་ཞུ་བཏོན་རྗེས་གཞི་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་མིན་གཏན་འབེབས་བྱ་རྒྱུ། ཀྲུའུ་རེན་ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་མི་འབུལ་རྒྱུའི་གཏན་འབེབས་བྱས་པའི་གྲོས་གཞི་དེ་གྲོས་གཞི་འདོན་མཁན་ལ་ངེས་པར་དུ་གསལ་བཤད་བྱེད་དགོས།
ཀྲུའུ་རེན་ཚོགས་འདུས་ལས་ཀའི་དགོས་མཁོར་གཞིགས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པ་དང་དོན་གཅོད་ཐིང་ལ་འབྲེལ་ཡོད་གྲོས་གཞིའི་སྐོར་གྱི་འཆར་ཟིན་བཟོ་རྒྱུ་དང་འབྲེལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་དེ་སྐོར་གྱི་གསལ་བཤད་རྒྱག་དགོས་པའི་མངགས་ཆ་བྱས་ན་འགྲིག
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་རྩིས་སྤྲོད་བྱས་པའི་གྲོས་གཞིར། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ཏེ་སྙན་ཞུ་བཏོན་རྗེས་གཞི་ནས་ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ།
དོན་ཚན་བཅུ་དགུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་སྐབས་ངེས་པར་དུ་གྲོས་གཞིའི་ཡིག་ཆ་དང་གསལ་བཤད་དུས་གཅིག་ཏུ་འབུལ་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དོན་དག་གལ་ཆེན་གྱི་གྲོས་གཞི་འདོན་སྐབས་ངེས་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་འཚོག་གོང་གི་ཉིན་ཉི་ཤུའི་ནང་འདོན་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མི་དོན་བསྐོ་འཐེན་གྱི་གྲོས་གཞི་འདོན་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་འཚོག་གོང་གི་ཉིན་བཅོ་ལྔའི་ནང་འདོན་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུར་གྲོས་གཞིའི་སྐོར་གྱི་གསལ་བཤད་བྱེད་སྐབས། སྤྱིར་བཏང་དུས་ཚོད་སྐར་མ་བཅུ་ནས་བརྒལ་མི་ཆོག ནང་དོན་ཕན་ཚུན་འབྲེལ་བ་ཡོད་པའི་གྲོས་གཞིའི་རིགས་གཅིག་ཏུ་ཟླ་སྒྲིལ་ནས་གསལ་བཤད་བྱས་ཆོག
དོན་ཚན་ཉི་ཤུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཏོན་པའི་གྲོས་གཞིའི་རིགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་མ་བཅུག་གོང་གྲོས་གཞི་འདོན་མཁན་ལ་གྲོས་གཞི་ཕྱིར་འཐེན་བྱེད་དབང་ཡོད།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་གྲོས་གཞི་བརྡས་ཐག་གཅོད་རྒྱུར་རྩིས་སྤྲོད་མ་བྱས་གོང་། གྲོས་གཞི་འདོན་མཁན་གྱིས་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཚེ་ཀྲུའུ་རེན་ཚོགས་འདུའི་ཐོག་མོས་མཐུན་བྱུང་རྗེས་གྲོས་གཞི་དེར་འཕྲལ་མར་གྲོས་ཞིབ་བྱེད་མཚམས་འཇོག་རྒྱུ།
ལེའུ་བཞི་པ། གྲོས་གཞིར་གྲོས་ཞིབ་བྱ་རྒྱུ།
དོན་ཚན་ཉེར་གཅིག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུའི་ཐོག་གྲོས་གཞིའི་གསལ་བཤད་ཉན་རྗེས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་ནས་གྲོས་ཞིབ་བྱ་རྒྱུ་དང་། དགོས་ངེས་ཀྱི་སྐབས་སུ་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་གྲོས་ཞིབ་བྱ་རྒྱུ།
དོན་ཚན་ཉེར་གཉིས་པ། འབྲེལ་ཡོད་དོན་གནད་གལ་ཆེན་རིགས་ལ་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུར་ཕུལ་བའི་གྲོས་གཞིར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཟླ་གསུམ་ནང་ཚུན་དུ་གྲོས་ཞིབ་བྱེད་དགོས། དམིགས་བསལ་གྱི་གནས་ཚུལ་འཕྲད་ཚེ་ཀྲུའུ་རེན་ཚོགས་འདུས་གྲོས་ཞིབ་དུས་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་ཆོག རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གལ་ཆེའི་དོན་གནད་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་ཁྱབ་ཁོངས་སུ་གཏོགས་རིགས་ངེས་པར་དུ་ཁྲིམས་ལྟར་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུར་འབུལ་དགོས། གནས་ཚུལ་ཛ་དྲག་ཆེ་རིགས་སྔོན་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཐོ་དཔོད་ཆོགརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པའི་འབྲེལ་ཡོད་གལ་ཆེའི་དོན་གནད་རིགས་ཀྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་མ་བྱུང་བར། གྲོས་གཞི་འདོན་མཁན་གྱིས་གྲོས་ཆོད་དང་ཆོད་དོན་འཇོག་དགོས་ངེས་འདུག་སྙམ་ཚེ། གྲོས་གཞི་བསྐྱར་དུ་འདོན་ཆོག་པ་དང་། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱ་རྒྱུ།
དོན་ཚན་ཉེར་གསུམ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱེད་སྐབས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣས་ཚང་འཛོམས་ཚོགས་འདུའི་ཐོག་གསལ་བཤད་བྱེད་དགོས་པ་དང་། བསྐོ་འཐེན་བྱེད་རྩིས་ཡོད་པའི་མི་སྣའི་གཞི་རྩའི་གནས་ཚུལ་དང་བསྐོ་འཐེན་བྱེད་པའི་རྒྱུ་མཚན་ཟུར་དུ་སྦྱར་དགོས་པ་མ་ཟད། མི་མངགས་ནས་ཚོགས་འདུར་བསམ་འཆར་ཉན་པ་དང་དྲི་བར་ལན་འདེབས་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བསྐོ་འཐེན་བྱེད་རྩིས་ཡོད་པའི་མི་སྣར་བསམ་འཆར་མི་མཐུན་པ་ཤུགས་ཆེ་ཙམ་ཡོད་ཚེ། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་གནས་སྐབས་མི་འབུལ་རྒྱུའི་གྲོས་འཆར་འདོན་ཆོག གྲོས་གཞི་འདོན་མཁན་གྱིས་བརྡས་ཐག་གཅོད་རྒྱུར་འབུལ་དགོས་འདུག་སྙམ་ཚེ། འབྲེལ་ཡོད་གནས་ཚུལ་སྐོར་ཀྲུའུ་རེན་ཚོགས་འདུའི་ཐོག་གསལ་བཤད་བྱེད་ཆོག་པ་དང་། ཀྲུའུ་རེན་ཚོགས་འདུས་བརྡས་ཐག་གཅོད་རྒྱུར་འབུལ་དགོས་མིན་གཏན་འབེབས་བྱ་རྒྱུ། བསྐོ་གཞག་བྱས་པའི་མི་སྣ་ལས་གནས་སུ་འཁོད་སྐབས་ངེས་པར་དུ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཡོངས་བསྒྲགས་སུ་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་དགོས།
ལེའུ་ལྔ་པ། སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།
དོན་ཚན་ཉེར་བཞི་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་འཁོར་གྱི་ལས་ཀའི་གཙོ་གནད་དང་ལྟ་སྐུལ་ལས་ཀའི་འཆར་གཞི་གཞིར་བཟུང་། འཆར་གཞི་ཡོད་པའི་སྒོ་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཆེད་དོན་ལས་ཀའི་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུའི་བཀོད་སྒྲིག་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཆེད་དོན་ལས་དོན་སྙན་ཞུ་དེ་ངེས་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་ཚོགས་གོང་གི་ཉིན་སུམ་ཅུའི་ནང་འདོན་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ཚན་པར་བརྟག་ཞིབ་ཧུར་ཐག་བྱེད་དགོས་པ་མ་ཟད། ཆེད་དོན་ལས་ཀའི་སྙན་ཞུར་ཐོག་མའི་ཞིབ་བཤེར་བྱས་ནས་བསམ་འཆར་འདོན་དགོས་པའི་མངགས་ཆ་བྱེད་དགོས། ཆེད་དོན་ལས་དོན་སྙན་ཞུ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་མི་སྣས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣར་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་རྒྱུའི་མངགས་ཆ་བྱས་ན་འགྲིག
དོན་ཚན་ཉེར་ལྔ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་ཚོགས་འདུ་འཚོགས་ནས་དུས་བཀག་ལྟར་གཤམ་གསལ་གྱི་སྙན་ཞུ་ཉན་དགོས་པ་སྟེ།
(གཅིག) རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་དང་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལོ་ལྔའི་འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་སྐོར་གྱི་དུས་དཀྱིལ་ཚོད་སྐོར་སྙན་ཞུ།
(གཉིས) ངེས་རྩིས་སྙན་ཞུ་དང་། རྩིས་བཤེར་ལས་དོན་སྙན་ཞུ། རྩིས་བཤེར་བྱས་ནས་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ།
(གསུམ) ལོ་འཁོར་གྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(བཞི) རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(ལྔ) ས་མཐོའི་དཔལ་འབྱོར་སྤུས་ཚད་ལེགས་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་སྔོན་སྐྱོད་ཁུལ་གཏོད་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(དྲུག) རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(བདུན) རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(བརྒྱད) གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(དགུ) བུ་ལོན་ལ་དོ་དམ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ།
(བཅུ) རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་བཏོན་པའི་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ།
(བཅུ་གཅིག) མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱ་རྒྱུར་རྩིས་སྤྲོད་བྱས་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ།
(བཅུ་གཉིས) མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་བསྒྲུབས་ཚུལ་སྐོར་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང་དང་འབྲེལ་ཡོད་སྡེ་ཚན་གྱི་སྙན་ཞུ།
(བཅུ་གསུམ) ཐོ་འགོད་ཞིབ་བཤེར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ།
(བཅུ་བཞི) སྙན་ཞུ་གཞན་དག་བཅས་སོ།
དོན་ཚན་ཉེར་དྲུག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་ཁྲིམས་སྒྱུར་ཞིབ་བཤེར་མཇུག་འགྲིལ་རྗེས། ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ངེས་པར་དུ་འཕྲལ་མར་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་འབུལ་དགོས་པ་དང་། ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་འཕྲལ་མར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུར་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་འབུལ་དགོས།
དོན་ཚན་ཉེར་བདུན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུའི་ཐོག་ཆེད་དོན་ལས་ཀའི་སྙན་ཞུ་དང་། ཁྲིམས་སྒྱུར་ཞིབ་བཤེར་གྱི་སྙན་ཞུ། ལས་དོན་སྙན་ཞུ་གཞན་དག་བཅས་འབུལ་སྐབས། སྤྱིར་བཏང་སྐར་མ་བཅུ་ལས་བརྒལ་མི་ཆོག
དོན་ཚན་ཉེར་བརྒྱད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཆེད་དམིགས་ལས་དོན་སྙན་ཞུ་དང་། ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ། ལས་དོན་སྙན་ཞུ་གཞན་དག་བཅས་ལ་གྲོས་ཞིབ་བྱས་པའི་བསམ་འཆར་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་བྱེད་ཚན་པས་ལེགས་སྒྲིག་བྱས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྤྲོད་དགོས། ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་དེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་གི་སྙན་ཞུ་འབུལ་དགོས།ཀྲུའུ་རེན་ཚོགས་འདུས་དགོས་པ་འདུག་སྙམ་ན། ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱེད་ཆོག་པ་མ་ཟད། ལས་ཀའི་དགོས་མཁོ་དངོས་ལ་གཞིགས་ནས་འབྲེལ་ཡོད་གྲོས་ཞིབ་བསམ་འཆར་བཅོས་སྒྲིག་དང་དོན་འཁྱོལ་བྱས་ཚུལ་ལ་རྗེས་འདེད་ལྟ་སྐུལ་དང་མོས་ཚད་ཀྱི་ཚད་ལེན་དཔྱད་བསྡུར་བྱ་རྒྱུའི་གཏན་འབེབས་བྱས་ན་འགྲིག ཚད་ལེན་དཔྱད་བསྡུར་བྱས་འབྲས་ལ་བློ་མོས་མ་བྱུང་ན། སྙན་ཞུ་འབུལ་མཁན་ལས་ཁུངས་ལ་ཡང་བསྐྱར་སྙན་ཞུ་འབུལ་དགོས་པའི་བླང་བྱ་འདོན་ཆོག
ལེའུ་དྲུག་པ། འདྲི་བ་དང་། འདྲི་རྩད། དམིགས་བཀར་གནད་དོན་ལ་བརྟག་དཔྱད་བྱ་རྒྱུ།
དོན་ཚན་ཉེར་དགུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་གཞི་དང་འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་བྱེད་སྐབས། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ངེས་པར་དུ་ཚོཌ་འདུར་ཞུགས་ནས་བསམ་འཆར་ཉན་པ་དང་དྲི་བར་ལན་འདེབས་དགོས།
དོན་ཚན་སུམ་ཅུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་དང་འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་བྱེད་སྐབས། འབྲེལ་ཡོད་ལས་དོན་སྐོར་ལ་ཆེད་དོན་འདྲི་རྩད་བྱེད་ཆོག ཆེད་དོན་འདྲི་རྩད་བྱེད་པར་སྤྱིར་ན་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུའི་རྣམ་པ་སྤྱོད་རྒྱུ། ཆེད་དོན་འདྲི་རྩད་ཀྱི་ཇུས་གཞི་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་དོན་ཚན་པས་འདོན་རྒྱུ་དང་། ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ཏེ་གྲོས་འཆམ་བྱུང་རྗེས་ལག་བསྟར་བྱ་རྒྱུ།ཆེད་དོན་འདྲི་རྩད་ཀྱི་གྲོས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་མི་སྣ་ངེས་པར་དུ་ཚོགས་འདུར་ཞུགས་ནས་བསམ་འཆར་ཉན་པ་དང་འདྲི་བར་ལན་འདེབས་དགོས། ཆེད་དོན་འདྲི་རྩད་ནང་བཏོན་པའི་བསམ་འཆར་དེ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚན་པས་ལེགས་སྒྲིག་བྱས་ཏེ། འབྲེལ་ཡོད་ལས་ཁུངས་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུར་སྤྲོད་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་འཇུག་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་འབུལ་དགོས།
དོན་ཚན་སོ་གཅིག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྔ་ཡན་གྱིས་མིང་མཉམ་དུ་བཀོད་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཚན་ཁག་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་འདྲི་རྩད་བྱ་རྒྱུའི་གྲོས་གཞི་འདོན་ཆོག འདྲི་རྩད་གྲོས་གཞིའི་ནང་ངེས་པར་དུ་འདྲི་རྩད་བྱ་ཡུལ་དང་། འདྲི་རྩད་བྱ་རྒྱུའི་གནད་དོན། དེ་བཞིན་ནང་དོན་བཅས་ཁ་གསལ་འབྲི་དགོས།
དོན་ཚན་སོ་གཉིས་པ། འདྲི་རྩད་གྲོས་གཞི་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་འདྲི་རྩད་བྱ་ཡུལ་ལས་ཁུངས་ལ་སྤྲད་དེ་ལན་འདེབས་བྱེད་དུ་འཇུག་རྒྱུའི་གཏན་འབེབས་བྱེད་དགོས། ཀྲུའུ་རེན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ལན་འདེབས་བྱ་རྒྱུར་གཏན་འབེབས་བྱས་པའི་འདྲི་རྩད་གྲོས་གཞིའི་རིགས་ལ། འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་མི་སྣས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ལན་འདེབས་བྱེད་དགོས་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུ། ཀྲུའུ་རེན་ཚོགས་འདུའི་ཐོག་འདྲི་རྩད་གྲོས་གཞི་དེ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ལན་འདེབས་བྱ་རྒྱུར་གཏན་འབེབས་བྱས་པའི་རིགས་ལ། འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་མི་སྣས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ལན་འདེབས་བྱེད་དགོས། འདྲི་རྩད་གྲོས་གཞི་འདོན་མཁན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱས་ནས་བསམ་འཆར་འདོན་ཆོག འདྲི་རྩད་གྲོས་གཞིར་ཡིག་ཐོག་ནས་ལན་འདེབས་བྱས་ན་འགྲིག་ལ་ངག་ཐོག་ནས་ལན་འབེབས་བྱས་ནའང་འགྲིག ཡིག་ཐོག་ནས་ལན་འདེབས་བྱེད་མཁན་ཡིན་ཕྱིན་ངེས་པར་དུ་འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་མི་སྣས་མིང་རྟགས་འགོད་དགོས། ངག་ཐོག་ནས་ལན་འདེབས་བྱེད་མཁན་ཡིན་ཕྱིན་འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་མི་སྣས་ཚོགས་འདུར་ཞུགས་ནས་ལན་འདེབས་བྱེད་དགོས།
དོན་ཚན་སོ་གསུམ་པ། འདྲི་རྩད་གྲོས་གཞི་འདོན་མཁན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་ཕྱེད་ཀ་ཡན་གྱིས་འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་ལན་འདེབས་ལ་བློ་མོས་མ་བྱུང་ཚེ། ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འབེབས་བྱས་པ་བརྒྱུད་འདྲི་རྩད་བྱ་ཡུལ་ལས་ཁུངས་ལ་བསྐྱར་དུ་འདྲི་བར་ལན་འདེབས་རྒྱུའི་རེ་བ་བཏོན་ཆོག
དོན་ཚན་སོ་བཞི་པ། འདྲི་རྩད་གྲོས་གཞིའི་རིགས་ཀྲུའུ་རེན་ཚོགས་འདུའི་ཐོག་འདྲི་རྩད་བྱ་ཡུལ་ལས་ཁུངས་ལ་སྤྲད་དེ་ལན་འདེབས་སུ་འཇུག་རྒྱུའི་གཏན་འབེབས་མ་བྱས་གོང་འདྲི་རྩད་གྲོས་གཞི་འདོན་མཁན་གྱིས་གྲོས་གཞི་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཚེ། གྲོས་གཞི་དེ་རང་ཤུགས་ཀྱིས་གོ་མི་ཆོད་པར་གྱུར་བ་ཡིན། ཀྲུའུ་རེན་ཚོགས་འདུས་འདྲི་རྩད་བྱ་ཡུལ་ལས་ཁུངས་ལ་ལན་འདེབས་བྱ་རྒྱུར་སྤྲོད་རྒྱུའི་གཏན་འབེབས་བྱས་རྗེས། འདྲི་རྩད་གྲོས་གཞི་འདོན་མཁན་གྱིས་དེ་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཚེ་ཀྲུའུ་རེན་ཚོགས་འདུའི་ཐོག་ཕྱིར་འཐེན་བྱེད་ཆོག་མིན་གཏན་འཁེལ་བྱ་རྒྱུ།
དོན་ཚན་སོ་ལྔ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་གི་འགན་དབང་ཁྱབ་ཁོངས་ནང་གཏོགས་པའི་དོན་གནད་རིགས་ལ་གྲོས་ཆོད་དང་གཏན་འབེབས་བཟོ་དགོས་ཀྱང་འབྲེལ་ཡོད་ཀྱི་གལ་ཆེའི་དོན་དངོས་གསལ་པོ་མེད་པའི་རིགས་ལ་དམིགས་བཀར་གནད་དོན་སྐོར་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ན་འགྲིག
ལེའུ་བདུན་པ། གཏམ་བཤད་དང་བརྡས་ཐག་གཅོད་རྒྱུ།
དོན་ཚན་སོ་དྲུག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གྲོས་ཞིབ་ཀྱི་བསམ་འཆར་གྲ་སྒྲིག་ནན་ཏན་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཟུར་ཞུགས་པའི་གཏམ་བཤད་ཀྱི་ནང་དོན་དེ་ངེས་པར་དུ་གྲོས་དོན་དང་འབྲེལ་བ་ཡོད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གཏམ་བཤད་བྱས་རིགས་རྣམས་ལས་དོན་མི་སྣས་ཟིན་བྲིས་བཀོད་ནས་ལེགས་སྒྲིག་བྱ་རྒྱུ་དང་། གཏམ་བཤད་སྤེལ་མཁན་གྱིས་ཞིབ་བཤེར་བྱས་ནས་མིང་རྟགས་བཀོད་རྗེས་ཚོགས་འདུའི་གནད་བསྡུས་རྩོམ་སྒྲིག་པར་འདེབས་བྱེད་དགོས་པ་མ་ཟད་ཡིག་ཚགས་སུ་ཉར་དགོས།
དོན་ཚན་སོ་བདུན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པའི་གྲོས་གཞིར་གྲོས་ཆོད་དང་གཏན་འབེབས་བྱས་ན་འགྲིག རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱ་རྒྱུའི་གྲོས་གཞིར་གྲོས་ཞིབ་བར་མཚམས་འཇོག་རྒྱུ་དང་གྲོས་ཞིབ་མཚམས་འཇོག་གམ་ཡང་ན་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་རྒྱུའི་གཏན་འབེབས་བཟོས་ན་འགྲིག
དོན་ཚན་སོ་བརྒྱད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་གྲོས་རིམ་ནང་བཅུག་པའི་གྲོས་གཞི་རྣམས་ཀྲུའུ་རེན་ཚོཌ་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བརྡས་ཐག་གཅོད་རྒྱུར་འབུལ་དགོས།
དོན་ཚན་སོ་དགུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་གཞིར་བརྡས་ཐག་གཅོད་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཕྱེད་ཀ་བརྒལ་ན་གྲོས་འཆམ་བྱུང་བ་ཡིན། བརྡས་ཐག་བཅད་འབྲས་དེ་ཚོགས་འདུ་གཙོ་སྐྱོང་པས་རང་སར་ཁྱབ་བསྒྲགས་བྱ་རྒྱུ། ཚོགས་འདུར་ཞུགས་མཁན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་བརྡས་ཐག་གཅོད་པར་ཞུགས་དགོས། བརྡས་ཐག་གཅོད་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མོས་མཐུན་བྱེད་པ་དང་། མི་བྱེད་པ། འདེམས་དབང་འདོར་བ་བཅས་གང་རུང་བྱེད་ཆོག
དོན་ཚན་བཞི་བཅུ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དོན་བསྐོ་འཐེན་གྱི་གྲོས་གཞིར་བརྡས་ཐག་གཅོད་སྐབས་སྤྱིར་བཏང་བྱས་ན་མི་རེ་རེ་བཞིན་ལ་བརྡས་ཐག་བཅད་ན་འགྲིག་ལ། ཁག་བགོས་ཟླ་སྒྲིལ་བཏང་ནས་བརྡས་ཐག་བཅད་ནའང་འགྲིག
དོན་ཚན་ཞེ་གཅིག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་གཞིར་བརྡས་ཐག་གཅོད་སྐབས་རང་མིང་མ་བཀོད་པར་བརྡས་ཐག་གཅོད་ཆས་གནོན་ཐབས་སྤྱོད་རྒྱུ། གལ་ཏེ་བརྡས་ཐག་གཅོད་ཆས་ཀྱི་མ་ལག་བེད་སྤྱོད་བྱེད་སྐབས་སྐྱོན་ཤོར་ན། ལག་པ་རྐྱོང་བའམ་ཡང་ན་བྱེད་ཐབས་གཞན་དག་སྤྱོད་རྒྱུ།
ལེའུ་བརྒྱད་པ། གྲོས་ཞིབ་དོན་གནད་ལ་སྙན་སེང་ཆོག་མཆན་ཞུ་རྒྱུ་དང་། སྙན་ཐོ་དཔོད་རྒྱུ། ཡོངས་བསྒྲགས་བྱ་རྒྱུ།
དོན་ཚན་ཞེ་གཉིས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རིགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོད་རྒྱུ།
དོན་ཚན་ཞེ་གསུམ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་ཀྲང་གི་འོས་མི་གཏན་འཁེལ་བྱེད་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་སོ་སོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་སྙན་ཐོ་དཔོད་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་ལས་གནས་དགོངས་ཞུ་དང་ལེན་བྱས་ཚེ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བརྒྱུད་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུར་འབུལ་དགོས།
དོན་ཚན་ཞེ་བཞི་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཀྱི་ལས་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱས་ཚེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཐོ་དཔོད་རྒྱུ།རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཀྲང་གི་ལས་གནས་དགོངས་ཞུ་དང་ལེན་བྱས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་དེར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་བྱ་རྒྱུ།
དོན་ཚན་ཞེ་ལྔ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། གྲོས་ཆོད། གཏན་འབེབས། མི་དོན་བསྐོ་འཐེན་གྱི་དོན་གནད་སོགས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་དེ《བོད་ལྗོངས་ཉིན་རེའི་ཚགས་པར》དང་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲ་རྒྱ་སོགས་སྨྱན་སྦྱོར་ཐོག་ནས་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་དུས་དེབ་ཐོག་འགོད་དགོས་པ་དང་ཆབས་ཅིག་བོད་སྐད་ཡིག་ཐོག་ནས་ཡོངས་བསྒྲགས་བྱེད་པ་དང་འགོད་དགོས།
དོན་ཚན་ཞེ་དྲུག་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པའི་ཆེད་དོན་ལས་ཀའི་སྙན་ཞུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ། སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ། རྩིས་བཤེར་ལས་ཀའི་སྙན་ཞུ། ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ། དེ་བཞིན་གྲོས་ཞིབ་བསམ་འཆར་བཅས་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ཐག་གཅོད་བྱས་ཚུལ་ལམ་ཡང་ན་གྲོས་ཆོད་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་བཅས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བརྡ་ཁྱབ་གཏོང་རྒྱུ་མ་ཟད་སྤྱི་ཚོཌ་ཐོག་ཡོངས་བསྒྲགས་བྱ་རྒྱུ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་བརྡ་ཁྱབ་གཏོང་རྒྱུ་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་པའི་ནང་དོན་དང་བྱ་ཐབས་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འབེབས་བྱ་རྒྱུ།
ལེའུ་དགུ་པ། ཞར་བྱུང་།
དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདི་2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)