ཡན་ཅིན་ཧའེ་ཡིས་རི་ནེ་ཝར་བཅའ་སྡོད་མཛའ་གྲོགས་རྒྱལ་ཁབ་ཀྱི་གཞུང་ཚབ་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།
ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། ཕ་ཁི་སི་ཐན་གྱི་རྒྱུན་སྡོད་འཐུས་ཚབ་གཞུང་ཚབ་ཆེ་མོ་བ་ཧ་ཧྲེ་སྨི་ཡིས་ཚོགས་གཙོ་གནང་བའི་རི་ནེ་ཝར་བཅའ་སྡོད་མཛའ་གྲོགས་རྒྱལ་ཁབ་ཀྱི་གཞུང་ཚབ་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་མཇལ་འཛོམས་གནང་སྐབས་ལྷན་དུ་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ། འཐུས་མི་ཚོགས་པ་ད་རེས་བོད་དུ་ཆེད་མངགས་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ་ཐད་ཀར་མཐོང་བའི་དཔེ་མཚོན་དང་། ཞིབ་ཅིང་ཕྲ་བའི་གྲངས་གཞི། རྩོད་ཐབས་བྲལ་བའི་དོན་དངོས་བཅས་དྲངས་ནས་བོད་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་འཐུས་མི་ཚོགས་པ་བོད་ཀྱི་ས་གནས་ཁག་ཏུ་ཕེབས་པ་བརྒྱུད། བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་གསོན་ཤུགས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་དུལ་གྱི་རྣམ་པ་བཟང་པོ་བཅས་དངོས་སུ་གཟིགས་པ་དང་མྱོང་ཚོར་བྱུང་བ་མ་ཟད། བོད་ཀྱི་གནས་ཚུལ་ངོ་མ་ཕྱོགས་ཡོངས་ནས་ཤེས་རྟོགས་ཀྱང་ཐུབ་ཡོད།
དོན་དངོས་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རྒྱ་ཁྱབ་གང་ལེགས་དང་དོན་དངོས་ཞིབ་ཕྲའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པ་ར་འཕྲོད་ཐུབ་པས། བོད་དང་འབྲེལ་བ་ཡོད་པའི་རྫུན་གཏམ་དང་དཀྲོག་གཏམ་ཚང་མའི་རྫུན་རྐུབ་དོན་དངོས་ཀྱི་མདུན་དུ་མ་རྒོལ་རང་སར་བརྡོལ་ཡོད། འཐུས་མི་ཚོགས་པའི་ཁོངས་མིས་རི་ནེ་ཝའི་ཕྱོགས་མང་གི་གར་སྟེགས་གལ་ཆེན་བརྒྱུད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་འཕེལ་རྒྱས་ཀྱི་དོན་དངོས་མི་དེ་བས་མང་པོར་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་ཀྱི་སྒོ་ནས་ངོ་སྤྲོད་བྱས་ཏེ། ཕྱི་ཕྱོགས་ཀྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་སྔར་བས་གསལ་པོ་ཐུབ་པ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་སྔར་བས་ཡག་པོ་སྐྱོད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
གཞུང་ཚབ་ཆེ་མོ་བ་ཧ་ཧྲེ་སྨི་ཡིས་དུས་ཡུན་ཉིན་གསུམ་འཚམས་འདྲི་བྱས་པ་བརྒྱུད། འཐུས་མི་ཚོགས་པས་དེང་དུས་ཀྱི་ཁོང་ཡངས་དང་། ཞི་མཐུན། མཛེས་སྡུག བདེ་སྐྱིད་བཅས་ལྡན་པའི་བོད་ལྗོངས་རང་ཉིད་ངོ་མས་མཐོང་བྱུང་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་། རིག་གནས་རྒྱུན་འཛིན། སློབ་གསོ་དང་སྨན་བཅོས། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་བག་ཆགས་ཟབ་མོའང་བྱུང་། འཐུས་མི་ཚོགས་པའི་ཁོངས་མིས་ཕྱོགས་མང་ལས་སྟེགས་བརྒྱུད། བོད་ཀྱི་མཐོང་ཐོས་དང་མྱོང་ཚོར་ཇི་མ་ཇི་བཞིན་དུ་བརྗོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཤེས་རྟོགས་ཡང་དག་ཐུབ་ཚད་ཆེ་རུ་གཏོང་བ་དང་འཛམ་གླིང་ལ་མངོན་གསུམ་གྱི་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་བརྗོད་འདོད་ཡོད་ལ། རང་རེའི་རྒྱལ་ཁབ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཚུད་པའི་ཀྲུང་གོ་དང་མཛའ་མཐུན་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་སྤེལ་གཏོང་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།