ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས།
ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རྒྱུན་སྲིང་ལྷོད་མེད་ངང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ཚུགས་གནས་མཐོ་ལ་གཟིགས་རྒྱང་རིང་བ་དང་དགོངས་དོན་གཏིང་ཟབ་པ་ཞིག་ཡོད་པས། ང་ཚོས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་པ་དང་། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་འཆང་བ། གཅིག་ཤེས་ཀུན་གྲོལ་དང་འགན་འཁྲི་ཏན་ཏིག་འཁུར་བ། བྱ་ཐབས་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་དང་པོའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རེས་སྐོར་གཉིས་པའི་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་སྙན་སེང་གསན་ཞིང། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་དེ་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་དེ་ནི་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དེ་ནི་སྐྱེ་ཁམས་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཚད་མཐོའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་བཅའ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དགུང་སྔོན་དང་། དྭངས་གཙང་ཆུ་བོ། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ། རི་ཆུ་ནགས་ཞིང་དང་མཚོ་བྱེ་འཁྱག་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཚན་རིག་དང་མཐུན་པར་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་དང་། ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ནུས་རྒྱུ་གཙང་མ་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། གནད་དོན་ཤེས་རྟོགས་དང་བཅོས་སྒྲིག་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་དམ་འཛིན་ཏན་ཏིག་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་བཟོ་བ་དང་གནད་དོན་ཐག་གཅོད་ཟུང་འབྲེལ་བྱེད་པ། ལམ་ལུགས་མ་ལག་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ལྡོག་མེད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་ལས་སྒོར་དམ་འཛིན་གཅིག་གྱུར་དམ་ཟབ་ཡོང་བ་མཐའ་འཁྱོངས་བྱེད་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ཡང་དག་ལ་འགན་ལེན་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་དེ་བས་ལེགས་པའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཏང་ཕྱིའི་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་མཐའ་འཁྱོངས་བྱས་ཏེ། ཏང་ཕྱིའི་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཤེས་རྟོགས་དང་། གསོ་སྐྱོང་། བཀོལ་སྤྱོད། དོ་དམ་སོགས་ཀྱི་ལྷུ་ཚིགས་ལ་དམིགས་པ། རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་དང་ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བྱེད་ཐབས་སུ་བྱེད་པ། བྱང་ཚད་མཐོ་རུ་གཏོང་བ་དང་ནུས་པ་འདོན་སྤེལ་དམིགས་ཚད་དུ་བྱེད་པ། ཐོན་ཁུངས་སྡེབ་སྒྲིག་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་ཏང་ཕྱིའི་ལས་བྱེད་པའི་སྤྱི་ཡོངས་ཀྱི་བྱང་ཚད་དེ་བས་མཐོ་བ་དང་། གྲངས་འབོར་གྱི་གཞི་ཁྱོན་དེ་བས་ལུགས་མཐུན། དཔུང་ཁག་གི་གྲུབ་ཆ་དེ་བས་ལེགས་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།