ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་བཞུགས་མོལ་གནང་བ།
སྤེལ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ཝང་ཅུན་ཀྲེང་དང་ཤིན་ཁྲང་ཤིང་གིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཞུགས་པ། ཁྲེན་ཡུང་ཆིས་གནས་ཚུལ་ངོ་སྤྲོད་གནང་བ།
ཟླ་8ཚེས་21དང་22ཉིན། ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་ཅང་སུའུ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
འདི་ནི་ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་སྟེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཚེས་21དང་22ཉིན། ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཅང་སུའུ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཤིན་ཁྲང་ཤིང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་ཅང་སུའུ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲེང་ཀྲང་གཞོན་པ་མཱ་ཤིན་གྱིས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཏེ་ཅང་སུའུ་ཞིང་ཆེན་གྱིས་བོད་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཅང་སུའུ་ནི་རང་རྒྱལ་ཤར་རྒྱུད་ཀྱི་ཞིང་ཆེན་ཆེ་གྲས་དང་དཔལ་འབྱོར་སྟོབས་ཆེའི་ཞིང་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་ལས་དོན་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས“དར་ཕྱུག་མཛེས་མཐོ”ཡི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་ཞིག་སྤོས་ཏེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་དཔེ་སྟོན་སྣེ་ཁྲིད་བྱས་ཡོད། བོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བས་ཅང་སུའུ་དང་བོད་ཀྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད། ཅང་སུའུ་དང་བོད་ཀྱིས་སྔར་རྒྱུན་བཞིན་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལེགས་ཆ་གསབ་རེས་དང་གཉིས་ཕན་འཕེལ་རྒྱས་དེ་བས་ལེགས་པ་ཡོང་རྒྱུའི་རེ་བ་ཡོད། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ས་མཐོའི་སྐྱེ་དངོས་དང་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་གསོ་སྐྱོང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་གཙང་མ་དང་། ཀུན་སྤྱོད་མཁའ་འགྲུལ། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ཁྲོམ་ར་འབྲེལ་མཐུད་དང་། ཆ་འཕྲིན་མཉམ་མཐུད། དོ་དམ་མཉམ་ལས་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མཐུན་རྐྱེན་བཟང་བའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་དུ་གཏོད་དགོས། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཚང་མའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་བཙུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས་ཞེས་གསུངས་པ་རེད།
ཤིན་ཁྲང་ཤིང་གིས་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་ཀྱིས་དུས་ཡུན་རིང་པོའི་ནང་ཅང་སུའུ་ཡི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་ཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་ཤིང་། ཁོང་གིས། ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཅང་སུའུ་དང་བོད་མི་དམངས་ཀྱི་ལག་གདང་དམ་པོར་འབྲེལ་བ་དང་། སེམས་པ་དང་ལས་དབང་གཅིག་ཏུ་འབྲེལ་ཡོད། རྒྱང་ལམ་གསར་པར་ཁ་གཏད་བོད་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པར་ཅང་སུའུ་ཡིས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་གྱི་བརྗོད་གཞིའི་ཁྲོད་དགོས་ངེས་ཀྱི་དོན་སྙིང་ཡང་ལྡན་པར་བྱེད་དགོས། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་རྒྱ་ཆེ་རུ་གཏོང་བ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་མཉམ་དུ་གཏོད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
བོད་དུ་བཞུགས་རིང་། ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་དང་། ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དང་། ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་བཅས་ལ་རྟོག་ཞིབ་གནང་བ། སློབ་གསོ་དང་། ཚན་རྩལ། ཐོན་ལས་སོགས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཞིང་འབྲོག་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཕུར་བུ་དོན་གྲུབ་དང་ཟླ་བ་ཚེ་རིང་དང་། ཅང་སུའུ་ཞིང་ཆེན་གྱི་འགོ་ཁྲིད་ཧན་ལི་མིང་དང་། ཚའོ་ལུའུ་པའོ། ཁྲུའུ་ཡུང་ཧུང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།