ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཟླ་8ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། དབྱིན་ཧུང་ཤིང་། རེན་ཝེ། ཟླ་བ་ཚེ་རིང་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཚང་མས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་དང་ལས་འགན་ཁག་བགོས་ཁྱབ་ཁོངས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་འགུལ་ངང་རང་སོ་སོའི་ལས་ཀ་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་ཞིབ་འཇུག་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད”བཅས་ཀྱི་ཐད་རྒྱས་བཤད་གཏིང་ཟབ་གནང་སྟེ། ང་ཚོར་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དང་། སྤེལ་རེས། བགྲོ་གླེང་བཅས་བྱེད་པ་དང་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་། དུས་ཐོག་རྗེས་སྙེག་གིས་སློབ་སྦྱོང་བཅས་མཐའ་འཁྱོངས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ལག་བསྟར་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་གྱི་ཁྱོན་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་སྟངས་འཛིན་ནན་པོ་བྱས་ནས་བོད་ཀྱི་ལས་དོན་ལ་སྔོན་ཚུད་ནས་བསམ་གཞིག་དང་། ཕྱོགས་ཡོངས་ནས་འཆར་འགོད། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་དགོས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་ཚད་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྒྱུར་བར་འབད་བརྩོན་བྱེད་དགོས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཙོ་གནད་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་གཙོ་གནད་ཚད་བརྒལ་གྱིས་ཁྱོན་ཡོངས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྐྲུན་མཉམ་སྤྱོད་བྱེད་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བཞག་ནས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་པོ། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། རྩ་དོན་གྱི་རང་བཞིན། དམག་འཐབ་ཀྱི་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཇོན་ནུས་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས། ཕུལ་བྱུང་གི་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་འཛུགས་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་བརྟན་པོ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་མཐའ་འཁྱོངས། དམ་པ་དོན་གཉེར་གྱི་སྲོལ་རབ་ཏུ་དར་བ་དང་། སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ། བབ་ཆགས་ཀྱི་སྤྱོད་ཚུལ་ཆགས་པ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཡིད་ལ་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། ལས་འགན་ལག་ཏུ་ལེན་པ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་དང་དགོངས་གཞི་ནན་པོར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ“རུལ་སུངས་མི་བྱེད་པ་གསུམ”གྱི་ལམ་སྲོལ་འཛུགས་སྐྱོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་རྣམ་པ་ཆགས་པར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་པ་རེད།