ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་མཆན་བཀོད་མཛུབ་སྟོན་གནང་བ།
● དྲ་རྒྱའི་ཤེས་དཔལ་འཛུགས་གཏོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་དྲ་རྒྱའི་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཏང་ཨུད་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་མཆན་བཀོད་མཛུབ་སྟོན་ཡང་གནང་བ་རེད།
ཝང་ཅུན་ཀྲེང་གིས། དྲ་རྒྱའི་ཤེས་དཔལ་ནི་དུས་བབ་གསར་པའི་འོག་གི་སྤྱི་ཚོགས་ཤེས་དཔལ་གྱི་ནང་དོན་གལ་ཆེན་ཞིག་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་དྲ་སྦྲེལ་དོ་དམ་དང་། ཞབས་ཞུ། ཁྲིད་སྟོན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། དྲ་ཐོག་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་མུ་མཐུད་སྟོབས་ཆེར་གཏོང་བ། བཟང་བསྟོད་ངན་སྨད་དང་ངན་འདོམས་བཟང་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དར་ཆ་བསྒྲེངས་ནས་དམངས་སེམས་སྒྲིལ་བ་དང་། ཉེན་ཁ་སྔོན་འགོག་བྱས་ནས་བདེ་འཇགས་ལ་འགན་ལེན། བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོར་ཕན་འདོགས་པ། སྒུལ་ནུས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་གཉིས་ཁེ་ཡོང་བ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ནས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲ་ཐོག་ཏུ་དྲིལ་བསྒྲགས་རྒྱུན་མཐུད་གཏིང་ཟབ་བྱེད་པ། དྲ་རྒྱའི་བར་མཐོངས་བཅོས་སྒྲིག་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། དྲ་རྒྱའི་ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྐྱོན་བྲལ་ཡར་བརྩོན་དང་དགེ་བརྩོན་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱེད་པ། དྲ་རྒྱའི་ཤེས་དཔལ་འཛུགས་གཏོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།
ཚེས་20ཉིན་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག“བོད་ཀྱི་དྲ་རྒྱའི་ཤེས་དཔལ་ཕོ་ཉ་ཡག་ཤོས་བཅུར”ལག་ཁྱེར་སྤྲད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཉིའུ་དབྱི་པིང་གིས་གསུང་བཤད་གནང་བ་རེད།
ཉིའུ་དབྱི་པིང་གིས། བོད་ཀྱི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། དུས་རབས་གསར་པ་ཤར་ཚུན་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་མཛུབ་ཁྲིད་ནུས་ལྡན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་སྐབས་འདིའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་གོ་སྐབས་སུ་བྱས་ནས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སྤེལ་རེས་དང་འབྲེལ་གཏུག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱེད་པ། ངལ་བ་དང་དུ་བླངས་ནས་ཡར་བརྩོན་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།