རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ།
བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཝང་ཀྲི་མིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་12ནས་19ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་། ཚེས་18ཉིན་གྱི་ཕྱི་དྲོར། བརྟག་ཞིབ་ཚོགས་ཆུང་གིས་ལྷ་སར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བརྟག་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་ཀྲི་མིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པའེ་ཧྲང་ཁྲེང་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། རྒྱལ་མཚན། ཝང་ཅུན། ཀྲང་ཡན་ཆིང་། ཝུའེ་ཤིའུ་ཁྲང་། ཡུས་ཡུང་ཀུའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རིང་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་དང་སྲིད་གཞུང་གི་མི་རིགས་མཛད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་དང་། མི་རིགས་ལྟ་བ། ལོ་རྒྱུས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་བ། “དགུ་རུ་སྐྱོད་པའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་བཟང་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་རྒྱ་ཁྱབ་རང་བཞིན་དང་། མང་ཚོགས་རང་བཞིན། རྒྱུན་གཏན་རང་བཞིན། མ་ལག་ཅན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་གྱིས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་འཛུགས་པ། “འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”སྤྱད་དེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་མཛུབ་ཁྲིད་བཅས་བྱས་ཏེ། “དོན་ཆེན་བཞིར”སྤྱི་འདོམས་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།
བོད་དུ་བཞུགས་རིང་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་དང་། ལྷོ་ཁ། མངའ་རིས། གཞིས་རྩེ། རྫོང་ཁག་གཅིག་བཅས་སུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། རིག་དངོས་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད།