དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀྲོང་ཡན།
  • ཀྲོང་ཡན་གྱིས་གཞིས་རྩེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    ཚེས་10དང་11ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གཞིས་རྩེ་གྲོང་ཁྱེར་དང་། གྲོ་མོ་རྫོང་། ཁང་དམར་རྫོང་། པ་སྣམ་རྫོང་བཅས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    གྲོ་མོ་རྫོང་ལྷོ་མོན་སྒྲ་སྙན་གསོ་སྦྱོང་ཁང་དང་། ཁང་དམར་རྫོང་གྲོང་གསེབ་དར་རྒྱས་ཁྲོམ་རའི་ཚོང་གཉེར་ལྟེ་གནས། པ་སྣམ་རྫོང་ནོར་གླིང་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་བཅས་སུ་ཀྲོང་ཡན་གྱིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། ལས་གཏོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་། ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སློབ་གྲྭ་ཆེ་མོ་བ་ལས་གཏོད་པས་སྤྱང་གྲུང་དང་བློ་གྲོས་གང་ལེགས་བཏོན་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། གྲོང་གསེབ་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱ་ཆེད་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ནི་འཕེལ་རྒྱས་བརྟན་ལྷིང་དང་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མ་སྔ་ཙམ་ལས་ཞུགས་ཐུབ་པ་དང་ལས་ཞུགས་ཡག་པོ་ཐུབ་པར་རོགས་རམ་བྱེད་དགོས། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་དང་ལས་གནས་ཀྱི་མཁོ་སྤྲོད་གནད་སྨིན་འབྲེལ་མཐུད་བྱས་ཏེ། ལས་གནས་གདན་ཞུ་དང་། ལས་ཞུགས་མཛུབ་ཁྲིད། རྩལ་ནུས་གསོ་སྦྱོང་། དངོས་སྦྱོང་དང་ལྟ་སྦྱོང་སོགས་ཀྱི་ལས་ཞུགས་ཞབས་འདེགས་རྒྱུན་མཐུད་ཞུ་དགོས། གསར་གཏོད་ལས་གཏོད་ལ་སྐུལ་མ་གཏོང་བ་དང་། ལས་གཏོད་ཁ་གསབ་དང་མ་དངུལ་རོགས་སྐྱོར་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ། ཕུལ་དུ་བྱུང་བའི་ལས་གཏོད་ལས་སྟེགས་གཏོད་པ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བཅས་བྱེད་དགོས།

    དེའི་རིང་ཀྲོང་ཡན་གྱིས་ད་དུང་གཞིས་རྩེས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་གཏིང་ཟབ་སྤེལ་བ་དང་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་སོགས་ལ་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།