དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཁྲེན་ཡུང་ཆིས་བོད་དུ་བརྟག་ཞིབ་གནང་བར་ཕེབས་པའི་པེ་ཅིང་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཧའོ་ཕིང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-16

    ཟླ་8ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་བོད་དུ་བརྟག་ཞིབ་གནང་བར་ཕེབས་པའི་པེ་ཅིང་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཧའོ་ཕིང་བཅས་པ་དང་བཞུགས་མོལ་གནང་ནས་སློབ་གྲྭ་དང་རང་སྐྱོང་ལྗོངས་དབར་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་ཐད་སྤེལ་རེས་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་སུན་ཤན་ཀྲུང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུ་ཁོན་ལྷན་དུ་མཇལ་འཛོམས་ལ་ཞུགས་པ་རེད། པེ་ཅིང་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་སློབ་སྤྱི་གཞོན་པ་ཉིང་ཆི་དང་། པེ་ཅིང་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཀྲའོ་ཅིན་ཏུང་། ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཀྲུའུ་ཐུང་བཅས་བཞུགས་མོལ་ལ་ཞུགས་པ་རེད།

    ཁྲེན་ཡུང་ཆིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་བོད་དུ་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། པེ་ཅིང་སློབ་ཆེན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁྲེན་ཡུང་ཆིས་པེ་ཅིང་སློབ་ཆེན་ལ་ལོ་རྒྱུས་ཡུན་རིང་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད་པས་མི་རིགས་བཅིངས་འགྲོལ་དང་དར་རྒྱས་དང་མེས་རྒྱལ་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ལ་བོད་ཀྱི་ལས་དོན་ལའང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། མིག་སྔར་བོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། པེ་ཅིང་སློབ་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་སྟེ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དེང་རབས་ཐོན་ལས་འཕེལ་རྒྱས། ཚོགས་སྒྲིག་རྣམ་པའི་སློབ་གསོ་དང་སྨན་བཅོས་བོད་སྐྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ། སློབ་གྲྭ་དང་རང་སྐྱོང་ལྗོངས་མཉམ་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཧའོ་ཕིང་གིས་པེ་ཅིང་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རིག་ཚན་གྱི་ལེགས་ཆ་འདོན་པ་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་དང་། ཚན་རིག སློབ་གསོ། སྨན་བཅོས་སོགས་ཀྱི་ཐད་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།