དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-12

     ཚེས་9དང་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། སྙན་རོང་རྫོང་། ཨ་མདོ་རྫོང་བཅས་སུ་ཕེབས་ནས་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ལ་བརྟག་ཞིབ་གནང་བ་རེད།

    གསེར་རྙེད་ཆུས་སུ་གནས་པའི་ཀྲེ་ཅང་གི་བོད་སྐྱོར་རྣམ་གྲངས་གྲོང་གསེབ་དར་རྒྱས་ཐོན་ལས་དཔེ་སྟོན་རྟེན་གཞིར་ཤིང་འབྲས་དང་སྔོ་ཚལ་ཕུན་སུམ་ཚོགས་པ་དང་། མེ་ཏོག་རྣམ་པར་བཀྲ་བ། སྡོང་ཕྲུག་སྐྱེ་འཚར་ལེགས་པ་བཅས་ཡོད་པས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་ཞིག་མངོན་བཞིན་ཡོད། ཡན་ཅིན་ཧའེ་ཡིས་ཞིབ་ཕྲ་གཟིགས་པ་དང་འབྲེལ། ཞིང་ལས་ཐོན་རྫས་ཀྱི་ཐོན་འབོར་དང་། ཐོན་ཚོང་། ཐོན་རྫས་རིན་ཐང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁྱབ་གདལ་སློབ་གསོའམ“སྔོག་འཐུའི་དཔལ་འབྱོར”འཕེལ་རྒྱས་གཏོང་བ་སོགས་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་བྱང་ཐང་གི་ཞིང་འབྲོག་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གཏོད་དགོས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་སྔར་རྒྱུན་བཞིན་ཐུགས་ཁུར་དང་བྱམས་སྐྱོང་བྱས་ཏེ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་བྱ་གཞག་གསར་གཏོད་ཀྱི་ལས་སྟེགས་གཏོད་པ་དང་གོ་སྐབས་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ནག་ཆུ་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། ཡན་ཅིན་ཧའེ་སྔ་རྗེས་སུ་སྙན་རོང་རྫོང་སེ་ཆེན་ཤང་རྣམ་ཆེན་འབྲོག་ར་དང་རྫ་དམར་སྣེ་མང་གཉེར་སྐྱོང་མཉམ་ལས་ཁང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་སྒྲིག་སྦྱོར་རྣམ་པའི་ལྷས་ར་ཚོད་ལྟའི་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཁྱད་ལྡན་དཀར་ཆུའི་ཐོན་རྫས་ཀྱི་ལས་སྣོན་དང་མཉམ་ལས་ཁང་གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས། འབྲོག་ལས་ནི་ནག་ཆུའི་གཙོ་ཁྲིད་ཐོན་ལས་ཤིག་ཡིན་ལ། འབྲོག་པའི་ཡོང་འབབ་ཡོང་ས་གཙོ་བོ་ཞིག་ཀྱང་ཡིན། ལེགས་བསྡུས་ཞིབ་གཉེར་གྱི་གཉེར་སྐྱོང་ཐད་ཤུགས་སྣོན་བརྒྱབ་ནས་ཡུལ་བབ་དང་བསྟུན་པ་ལས“བརྒྱ་ཁ་གཅིག་གཅོད”བྱེད་མི་རུང་བར་ཤང་ཁག་དང་གྲོང་ཚོ་ཁག་གི་དོན་དངོས་ལ་གཞི་ཚུགས་ཏེ་སྔོན་ལ“དུད་སྦྲེལ་ཕྱུགས་འཚོ”དང“དུད་སྦྲེལ་ཐོན་སྐྱེད”ནས་འགོ་འཛུགས་པ་དང་། ངལ་ནུས་ལྷག་མར་བཅིངས་འགྲོལ་དང་འབྲོག་ལས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། འབབ་འཕར་ཕྱུག་འགྱུར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བར་སྣེ་ཁྲིད་དང་དེང་རབས་ཀྱི་ཁྲོམ་རའི་འདུ་ཤེས་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།

    ཨ་མདོ་རྫོང་དར་མདུད་ཤང་སློབ་ཆུང་དང་དར་མདུད་ཤང་འཕྲོད་བསྟེན་ཁང་དུ་ཡན་ཅིན་ཧའེ་ཡིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ནས་གསོ་རླུང་དང་དྲོད་རླངས་མཁོ་འདོན་སོགས་ཐད་དམིགས་བསལ་གྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པ་དང་། སྤྱི་འདོམས་འཆར་འགོད་དང་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་ནས། མཚོན་བྱེད་རང་བཞིན་ལྡན་པའི་ཤང་གྲོང་དུ་གཅིག་སྡུད་ཐོག་དྲོད་རླངས་དང་གསོ་རླུང་མཁོ་འདོན་དང་ཆུ་ཚ་པོས་ལུས་པོ་འཁྲུ་ས་ཡོད་པ་སོགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ཚང་མས་དེང་རབས་ཀྱི་འཚོ་བ་ལོངས་སྤྱོད་དང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་སྐབས་བསྟུན་ངང་མང་ཚོགས་ཀྱི་དུད་ཚང་5ཡི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་གནས་ཚུལ་ལ་གཟིགས་པ་དང་། དམངས་ཀྱི་འདོད་བློ་གསན་པ། རེ་འདོད་གླེང་བ་བཅས་གནང་ནས་ས་གནས་ས་ཐོག་ཏུ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཡོད། ཡན་ཅིན་ཧའེ་ཡིས་ད་དུང་ཨ་མདོ་རྫོང་བེ་རུ་དགོན་དུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དངོས་མཁྱེན་རྟོགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།