དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞུང་དོན་ཚོགས་འདུར་ཞུགས་པ།

    ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-10

    ཚེས་8ཉིན་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞུང་དོན་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར“ལོ་ངོ་སྟོང་གི་ཇུས་ཆེན”གྱི་མཐོ་ཚད་ནས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་ལྷ་སའི“ལོ་ངོ་སྟོང་གི་གནའ་གྲོང”སྲུང་སྐྱོང་ཡག་པོ་དང་ལྷ་སའི“དེང་རབས་གྲོང་གསར”འཕེལ་རྒྱས་ཡག་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆི་དང་། ཝུའེ་ཤིའུ་ཁྲང་། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་དང་ཕུར་བུ་དོན་གྲུབ་ཀྱིས་གཙོ་སྐྱོང་གནང་བ་རེད།

    《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད(2021ལོ་ནས་2035ལོའི་བར)》དང《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྐྱོང་རིམ་སྤོར་འཆར་འགོད》ལ་ཞིབ་འཇུག་བྱས་རྗེས་ཡན་ཅིན་ཧའེ་ཡིས་ཆབ་སྲིད་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པའི་ལྷ་སའི་དོན་དངོས་ལ་གཞི་ཚུགས་པ་དང་ལྷ་སའི་གྲོང་ཁྱེར་འཆར་འགོད་ཡག་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་ས་ཁུལ་གྱི་དོན་ཆེན་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་མཐོ་སར་ལངས་ཏེ་འཆར་འགོད་དང་། ཆུ་ཚད་མཐོ་པོས་སྒྲིག་བཟོ། སྤུས་ཚད་མཐོ་པོས་དོན་འཁྱོལ་བཅས་མཐའ་འཁྱོངས་ཀྱིས་རྩེར་སོན་གྱི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་དངོས་འབྲེལ་མངོན་འགྱུར་ཡོང་བ་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། སྣེ་ཁྲིད་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཤུགས་རྐྱེན་ཆུང་བའི་གསར་སྒྱུར་འཛུགས་སྐྲུན་གྱི་རྣམ་པ་སྤྱད་དེ་གྲོང་ཁུལ་རྙིང་པའི་སྲོལ་རྒྱུན་གྱི་རྣམ་པ་དང་ཁྲོམ་གཞུང་གི་རྣམ་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་ཡག་པོ། གནའ་བོའི་སྐྲུན་དངོས་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་སྲུང་སྐྱོང་ཡག་པོ། གསར་སྒྱུར་ནུས་ལྡན་དང“སྒྱུར་བཀོད་ཆུང་ངུའི”བྱ་ཐབས་སྤྱད་དེ་ཉམས་གསོ་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་དམིགས་བསལ་གྱི་ལོ་རྒྱུས་རྣམ་པ་དང་། ས་ཁོངས་ཁོར་ཡུག རིག་གནས་ཀྱི་ཁྱད་ཆོས། ཨར་སྐྲུན་གྱི་ཁྱད་ཆོས་སོགས“གཞི་རྒྱུ”སོར་འཇོག་ཡག་པོ་བྱེད་པ། ལྗོན་ཤིང་གང་བྱུང་དུ་མི་གཅོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་མི་དམངས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུ་དེ་དུས་རབས་གསར་པའི་གྲོང་ཁྱེར་འཕེལ་རྒྱས་ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེའི་ཐོན་སྐྱེད་བར་མཐོངས་དང་། འཚོ་བའི་བར་མཐོངས། སྐྱེ་ཁམས་ཀྱི་བར་མཐོངས་བཅས་བཀོད་སྒྲིག་བྱས་ཏེ་འཕེལ་རྒྱས་གཏོང་སྟངས་དེ་གཞི་ཁྱོན་ཆེ་རུ་གཏོང་བ་ནས་ནང་དོན་ལེགས་སུ་གཏོང་བར་སྒྱུར་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་འཚོ་བ། ཕན་འབྲས་ཆེ་བའི་བཅོས་སྐྱོང་བཅས་ལ་མཐུན་སྦྱོར་ཤུགས་འདོན་གྱིས“མཛེས་སྡུག་དང་། དེང་རབས། སྡོད་མལ། བདེ་སྐྱིད་ལྡན་པ”བཅས་ཀྱི་ལྷ་ས་ཡག་པོ་བསྐྲུན་དགོས།

    ཡན་ཅིན་ཧའེ་ཡིས་སྒམ་ནན་གྱི་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དམིགས་ཚད་གཏན་འཁེལ་དང་འཆར་འགོད་ལ་ཆོག་མཆན་ཐོབ་རྗེས་རང་དགར་བཟོ་བཅོས་རྒྱག་པ་དང་སྒྲིག་འགལ་ངང་འགྱུར་བ་གཏོང་མི་ཆོག སྒྲིག་སྲོལ་མང་པོ་གཅིག་ཏུ་སྒྲིལ་བར་ཤུགས་སྣོན་རྒྱག་པ་དང་། དོ་དམ་ཚོད་འཛིན་གྱི་ལམ་ལུགས་ཀྱི་མ་ལག་དང་། འགན་འཁྲིའི་མ་ལག ལས་ཀའི་མ་ལག་བཅས་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཆར་འགོད་ལག་བསྟར་ཁྲོད་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། དུས་དཀྱིལ་གྱི་དཔྱད་དཔོག ཕྱོགས་སྡོམ་དཔྱད་དཔོག དཔྱད་ཞིབ་ཀྱི་འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནུས་ལྡན་གྱི་འཆར་འགོད་ལག་བསྟར་དང་དོན་འཁྱོལ་བྱས་པ་བརྒྱུད་ལྷ་ས་འཕེལ་རྒྱས་གཏོང་བའི་མཛེས་སྡུག་ལྡན་པའི་བསམ་འདུན་དེ་རིམ་གྱིས་དངོས་ཡོད་དུ་འགྱུར་བ་བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱིས“གཏན་འཁེལ་གཉིས”ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”བསམ་པ་རྣམ་དག་གིས་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།