ཡན་ཅིན་ཧའེ་ཡིས་ནེ་པ་ལའི་པ་ལ་ཐེ་ཕུར་གྲོང་ཁྱེར་གྱི་ཧྲི་ཀྲང་ལེ་ནུའུ·ཏ་ཧར་དང་མཇལ་འཛོམས་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ནེ་པ་ལའི་པ་ལ་ཐེ་ཕུར་གྲོང་ཁྱེར་གྱི་ཧྲི་ཀྲང་ལེ་ནུའུ·ཏ་ཧར་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ལྷན་དུ་མཇལ་འཛོམས་ནང་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་ལེ་ནུའུ·ཏ་ཧར་བཅས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ནེ་པ་ལ་རི་ཆུ་མཉམ་དུ་འབྲེལ་ཡོད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་ནེ་པ་ལས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཛའ་གྲོགས་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་དཔེ་མཚོན་བཏོད་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ད་ཐེངས་འཚམས་འདྲི་བྱེད་རིང་གཞིས་རྩེ་གྲོང་ཁྱེར་དང་པ་ལ་ཐེ་ཕུར་གྲོང་ཁྱེར་གྱིས་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་པ་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་ངོས་འཛིན་གཅིག་མཐུན་བྱུང་བས། ཕྱོགས་གཉིས་པོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་མཉམ་ལས་གཉིས་ཁེའི་གྲུབ་འབྲས་སྔར་བས་སྟོབས་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཡན་ཅིན་ཧའེ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་མཆོང་སྐྱོད་བྱུང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་བརྟན་དུ་སོང་ཞིང་། ལྷག་དོན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་བསྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བའི་བླང་བྱ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མི་རིང་བའི་གོང་མཇུག་འགྲིལ་བའི་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པའི”འཐབ་ཇུས་བཀོད་སྒྲིག་བྱས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གཉིས་ཁེ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་རེད་ཅེས་གསུངས།
ལེ་ནུའུ·ཏ་ཧར་གྱིས། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་ནས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནེ་པ་ལའི་མངའ་ཁོངས་ས་ཆ་སྤྱད་དེ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་སྤེལ་དུ་འཇུག་གི་མིན། ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ནེ་པ་ལ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཏ་ཁར་ཡང་མཇལ་འཛོམས་ལ་ཞུགས་ཡོད།