ཁྲེན་ཡུང་ཆིས་མངའ་རིས་ས་ཁུལ་དུ་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།
བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་31ཉིན་ནས་ཟླ་8ཚེས་3ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་མངའ་རིས་ས་ཁུལ་སྒར་རྫོང་དང་། རུ་ཐོག་རྫོང་། སྤུ་ཧྲེང་རྫོང་། རྩྭ་མདའ་རྫོང་བཅས་དང་། དེ་བཞིན་གྲོང་ཁྱེར་གྲོང་རྡལ་དང་། གྲོང་གསེབ། སྤུ་ཧྲེང་གནམ་ཐང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་དང་སྤུ་ཧྲེང་འགག་སྒོ་སོགས་སུ་ཕེབས་ཏེ། མཐའ་བརྟན་དང་མཐའ་དར་དམངས་ཕྱུག་ལས་དོན་ལ་བརྟག་ཞིབ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་གནང་བ་མ་ཟད། རྩྭ་མདའ་རྫོང་དུ་བརྙན་ལམ་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་བཀོད་གཏོང་དང་། ལས་ཀའི་སྙན་ཞུ་གསན་པ། གནས་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཁྲེན་ཡུང་ཆིས་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་བ། མཐའ་བརྟན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་སློབ་གསོ་དང་ལྟ་སྐོར་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བ་དང་ཆུ་དང་གསང་སྤྱོད་སྒྱུར་བཀོད་སོགས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་དང་གྲོང་གསེབ་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཚོད་ལྟའི་སྒྱུར་བཅོས་འཚོལ་ཞིབ་ཧུར་ཐག་དང་། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ། བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བྱེད་འཐུས་རང་བཞིན་དང་། འདྲ་བཟོས་རུང་བ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས། ལས་ཀ་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཤ་དང་། སྒོང་། འོ་མ་སོགས་འཚོ་བའི་དངོས་ཟོག་དང་། རྫས་ལུད། སྣུམ་རྒྱུ་སོགས་ཐོན་སྐྱེད་དངོས་ཟོག་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ཏེ་སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས། རྣམ་གྲངས་ཀྱི་མ་དངུལ་གང་ལེགས་སྤྱད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་སྐྲུན་གྱི་འགྲོ་གྲོན་གཏན་འཁེལ་ལུགས་མཐུན་དང་། བཟོ་སྐྲུན་གྱི་རགས་རྩིས་ལ་ཚོད་འཛིན་ནན་པོ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་དམིགས་ཚད་ལ་དམ་པོར་གཞིགས་པ་དང་འགག་སྒྲོལ་དཀའ་སེལ་གྱིས་ལས་དོན་ཁག་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་གྱི་ཕན་འབྲས་བཟང་པོར་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།