ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་དང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་མུ་མཐུད་སྐུལ་འདེད་བཏང་ནས“ཞིང་གསུམ”ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་དང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་དང་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང“ཞིང་གསུམ”ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱ་ཆེ་ཚད་དང་གཏིང་ཚད་ཕྱོགས་སུ་རྒྱ་སྐྱེད་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པར་དམིགས་པ་དང་། མ་འཇོག་དང་། ཚོང་དོན། དངུལ་རྩ། གསར་གཏོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་དམིགས་ཏེ། ཚོང་གཉེར་ཁོར་ཡུག་ཡག་པོ་ཕྱོགས་ཡོངས་ནས་སྐྲུན་པ་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གང་མགྱོགས་འཛུགས་དགོས། ཞིང་པ་དང་ས་ཞིང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་གཙོ་གནད་འདིར་དམིགས་ཏེ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྣ་མང་ཅན་གྱི་གཏོང་ཆའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་མྱུར་འཛུགས་གཏོད་བྱེད་པར་དམིགས་ཏེ། འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་གི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ་དང་། གྲོན་ཆུང་སྔོན་འཇོག་གི་མཛད་ཕྱོགས་དོན་འཁྱོལ་བྱེད་པ། ལྗང་མདོག་ཐཱན་ཉུང་གི་འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཀ་དེ་བས་ལེགས་པའི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་དགོས། ས་མཐོའི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་རྟེན་གཞི་བསྐྲུན་རྒྱུར་དམིགས་ཏེ། ཤེས་ལྡན་མི་སྣའི“གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་འཇོག”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བགོ་བཤའི་ལམ་ལུགས་ལེགས་སུ་དང་ཚད་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གསར་གཏོད་སྔོན་འཇོག་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། བྲིན་ཚོང་དང་ཕྱོགས་བསྡུས་ཀྱི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡུས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་འབྲུ་རིགས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་དང་འབྲུ་རིགས་མཁོ་སྤྲོད་ཀྱི་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ། “ཞིང་གསུམ”ལས་དོན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་ཀྱིས་ཏང་གིས་རྨོ་ཞིང་སྲུང་སྐྱོང་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་འཛིན་དང་། ཁྲིམས་སྒྱུར་ནན་པོ། བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རྒྱུན་མཐུད་ངང་བེད་སྤྱོད་གཏོང་བ་སོགས་ཀྱི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུངས་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྨོ་ཞིང་གི་དམར་ཐིག་ནན་སྲུང་དང་རྨོ་ཞིང་སྲུང་སྐྱོང་ནན་པོ་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ“ཁ་གསབ་ཀྱིས་བཟུང་ཚད་གཏན་འཁེལ་བྱེད་པ”མཐའ་འཁྱོངས་ཀྱིས་རྨོ་ཞིང་བཟུང་ཚད་དང་ཁ་གསབ་དོ་མཉམ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྨོ་ཞིང་གི་སྤུས་ཚད་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཞིང་པས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་འདེབས་འཛུགས་དང་འབྲུ་འདེབས་ལ་དམ་འཛིན་བྱེད་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ་དང་། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་བཙུགས་ནས་རྨོ་ཞིང་སྲུང་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ཞིང་འབྲོག་པའི་ཡོང་འབབ་མུ་མཐུད་མང་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ལས་རྫོང་ཆེན་དང་འབྲོག་ལས་རྫོང་སྟོབས་ཆེན་གཏོད་པ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཚན་ཞིབ་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཚན་རྩལ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མུ་མཐུད་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།