ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།
● བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་དེ་བས་ནན་པ་དང་། བདེ་འཇཌ་ཀྱི་འགོག་སྲུང་འཛིང་རགས་དེ་བས་བརྟན་དུ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇཌ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས།
ཚེས་30ཉིན་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་མཇུག་འགྲིལ་རྗེས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་དེ་བས་ནན་པ་དང་། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དེ་བས་བརྟན་དུ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཁྲེན་ཡུང་ཆི་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ལྕགས་རྭ་བློ་བཟང་བསྟན་འཛིན། ཀྲང་ཧུང་པོ།ཝང་ཡུང་། ལང་ཧྥུའུ་ཁོན། བསོད་ནམས་ཉི་མ། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། ཉེན་བརྡ་ཤུགས་ཆེན་གཏོང་བ་དང་ལས་འཛོལ་སྔོན་འགོག་གིས་གྱོད་གཞི་དཔྱད་གཞིར་འཛིན་པ་དང་། དོགས་ཟོན་ཆེར་སྐྱེད། སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་། “ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི”ཉེན་ཁའི་བསམ་པ། “སྒུག་མི་རུང་བ་དང་། ལྷོད་མི་རུང་བ། སྡོད་མི་ཐུབ་པ་བཅས”ཀྱི་དགོས་གཏུགས་ཀྱི་བསམ་པ་རྒྱུན་འཁྱོངས་དང་བདེ་འཇགས་ཐོན་སྐྱེད་ཁྲོད“དམིགས་བསལ་གྱི་ཁེ་ལས་མེད་པ་དང་། དམིགས་བསལ་གྱི་ཚན་པ་མེད་པ། དམིགས་བསལ་གྱི་ས་ཆ་མེད་པ”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས“སྐྱོན་ཆུང་ཙག”དང“མངོན་མེད་ཀྱི་རྐྱེན་ངན་ཆུང་ཙག”“ལྷོད་གཡེང་ཆུང་ཆུང”“སྐྱོན་ཆུང”བཅས་ཚང་མར་སྣང་ཆེན་བྱས་ཏེ་རིགས་ཁག་གི་ལས་འཛོལ་དང་ལྷག་པར་དུ་ལས་འཛོལ་ཚབས་ཆེན་མི་ཐོན་པ་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བཅོས་སྒྲིག་ཤུགས་ཆེན་དང་ཆད་གཅོད་བསླབ་འདོམས་ནན་པོ་བྱེད་པར་བླང་བྱ་ནན་ཤོས་ཀྱི་ལྟ་འདོམས་ལ་དམ་འཛིན་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་རིགས་ཁྱབ་ཁོངས་དང་མི་སྣ་འདུ་འཛོམས་ཆེ་སར་དམིགས་ནས་ཕྱོགས་ཡོངས་དང་ལེབ་བཤེར་རྣམ་པའི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་མུ་མཐུད་གཏིང་ཟབ་བྱས་ཏེ། སྒྲིག་ཆས་དང་སྒྲིག་བཀོད་ཀྱི་ཞན་ཆར་ཞིབ་བཤེར་བྱེད་དགོས་ལ། འགན་འཁྲི་དོན་འཁྱོལ་སོགས་མིའི་ཤུགས་རྐྱེན་དང་ཞན་ཆར་སྔར་བས་ཞིབ་བཤེར་བྱས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་སྐབས་གནད་དོན་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། ས་གནས་ས་ཐོག་ཏུ་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་མཚོན་གྱི་གྱོད་དཔེ་ཡོངས་བསྒྲགས་ངང་དམར་རྗེན་དུ་འདོན་དགོས་པ། གཞི་རིམ་གྱི་འཐབ་ས་དང་པོར་ཐད་གཏོང་གི་ཉེན་ཟོན་སྔོན་བརྡ་དང་ལེན་གྱི་ལམ་སྲོལ་ཤུགས་ཆེར་བཏང་སྟེ་ཆུ་ལོག་དང་ཞོད་སྐྱོན་དང་ས་གཤིས་སོགས་ཀྱི་གནོད་འཚེ་སྣ་ཚོགས་ལ་འགོག་ཟོན་ནུས་ལྡན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། བླང་བྱ་ནན་ཤོས་ཀྱི་སྒོ་ནས་བཅོས་སྒྲིག་ལ་དམ་འཛིན་མཐའ་འཁྱོངས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་ཚབས་ཆེན་དང“ཐ་སྐྱོང་མེད་པའི”གནས་ལ་དམ་པོར་དམིགས་པ་དང་གྲལ་བཤེར་བྱས་ནས་ཐོན་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རེ་རེ་བཞིན་ཐོར་འགོད་པ་དང་འགུལ་རྣམ་དོ་དམ་བྱས་ཏེ་བྱ་ཐབས་གཏན་འཁེལ་དང་། མི་སྣ་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་བྱས་ནས་དུས་བཀག་ནང་དག་ཐེར་བྱེད་དུ་འཇུག་དགོས་པ་དང་། འགན་ནུས་སྡེ་ཚན་གྱིས་ལས་ཡུལ་དངོས་ལ་བསྐྱོད་ནས་དག་ཐེར་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ“གནད་དང་གནད་གཏན་འཁེལ”གྱིས་ཁེ་ལས་སུ་ཟབ་འཇུག་དང་ལྷོད་གཡེང་མི་གཏོང་བར་དག་ཐེར་ནན་པོ་དང་མྱུར་པོ་བྱས་ནས་བདེ་འཇགས་དང་ཐོན་སྐྱེད་གཉིས་ཀ་འཕྱུགས་པ་མེད་པ་བྱེད་དགོས། བླང་བྱ་ནན་ཤོས་ཀྱི་སྒོ་ནས་ཆད་གཅོད་བསླབ་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས“བདེ་འཇགས་ལས་འཛོལ་གཅིག”དང་། “དཔེ་མཚོན་གྱི་གནད་དོན་གཅིག”“ཞན་ཆ་གཅིག”བཅས་ལ་དམིགས་ཏེ་ལྟ་འདོམས་ཁྲིམས་སྒྱུར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “ནན་ལ་ཞིབ་ཕྲ”མཐའ་འཁྱོངས་བྱེད་པ། “ལྷུག་ལྷོད་འཇམ་གསུམ”གཏན་འགོག་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ“མཐའ་གཅིག་ཏུ་ཞིབ་བཤེར་དང་ཆད་པ་ནན་ཤོས”གཅོད་དགོས་པ། དཔེ་མཚོན་གྱོད་དཔེའི་ཉེན་ཟོན་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས“མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་ཚས་མས་འཕྲལ་སྡོམ་ཐུབ་པའི”རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། འགན་འཁྲི་ནན་པོ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར“ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་གྱི་འགན་འཁྲི་རྩད་གཅོད” “དོ་དམ་གསུམ་དང་ངེས་པར་དུ་གསུམ”བཅས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཁོངས་གཏོགས་ལ་དོ་དམ་ནན་པོ་དང་འགན་འཁྲི་གཙང་མ་ཁུར་ཏེ་དུས་བཀག་ནང་བདེ་འཇགས་ཐོན་སྐྱེད་ཀྱི“འགན་འཁྲིའི་གསལ་ཐོ་དང་། དྲན་སྐུལ་གསལ་ཐོ། ཐག་གཅོད་གསལ་ཐོ”བཅས་སྤྲོད་པ་དང་། འབྲེལ་ཐག་ཧྲིལ་པོར་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁ་གསལ་བ་དང་། དབྱེ་གསེད། དོན་འཁྱོལ་བཅས་བྱེད་པ། ལྟ་སྐུལ་ཞིབ་བཤེར་གྱི“མཚོན་ཆ་རྣོན་པོའི”ནུས་པ་དང་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་ཡག་པོ་བཏོན་ཏེ་འགན་འཁྲི་དང་གནོན་ཤུགས་གཞི་རིམ་དུ་དངོས་སུ་བརྒྱུད་སྤྲོད་ཐུབ་པ་དང་། འགན་འཁྲི་གསལ་རྟོགས་དང་། འགན་འཁྲི་ཡག་པོ་འཁུར་བ། འགན་འཁྲི་རྩད་གཅོད་དང་བདའ་འདེད་བཅས་དངོས་སུ་ཐུབ་པ་བྱས་ནས་བདེ་འཇགས་ལ་མཐོང་ཆེན་དང་། བདེ་འཇགས་ལ་དམ་འཛིན། བདེ་འཇགས་ལ་འགན་ལེན་བཅས་རྒྱུན་རྣམ་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།