དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་འཕེལ་རྒྱས་དང་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་གྱི་སློབ་དཔོན་ལ་མིང་འདོགས་གཟེངས་བསྟོད་ཀྱི་ཚོགས་ཆེན་སྐབས་གསུམ་པ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-31

    ཚེས་28ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་འཕེལ་རྒྱས་དང་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་གྱི་སློབ་དཔོན་ལ་མིང་འདོགས་གཟེངས་བསྟོད་ཀྱི་ཚོགས་ཆེན་སྐབས་གསུམ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱུན་འཛིན་སྲུང་སྐྱོང་དང་གཞུང་འཁྱོངས་གསར་འབྱེད་བྱས་ནས་མི་རིགས་ལག་ཤེས་བཟོ་ལས་དར་རྒྱས་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་ནན་བཤད་གནང་དོན། གདེང་ཚོད་དང་ཆོད་སེམས་ཆེ་རུ་བཏང་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་འཛིན་པའི་གདེང་ཚོད་དང་མོས་སེམས་བརྟན་དུ་གཏོང་བ་དང་། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱས་ཏེ། མི་རིགས་ལག་ཤེས་བཟོ་ལས་ཀྱི་སྒྱུ་རྩལ་ཐོན་རྫས་རྒྱ་སྟོབས་ཆེ་རུ་གཏོང་དགོས། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤུས་ཀ་ལེགས་པའི་རིག་གནས་མཁོ་སྤྲོད་ལ་དམིགས་ཏེ། སྲོལ་རྒྱུན་བཟོ་རྩལ་དང་མཐོ་གསར་ལག་རྩལ་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས། ཚན་རྩལ་འདུས་ཚད་དང་ཐོན་རྫས་ཀྱི་ནང་གནས་རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཙོ་རྒྱུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། དོ་དམ་ཞབས་ཞུའི་ཆུ་ཚད་སྔར་བས་ཆེ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་དང་། ལེ་ལག་ཚང་བའི་སྲིད་ཇུས། ཤེས་ལྡན་མི་སྣ་གྲབས་གསོག་བཅས་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་ཆ་རྐྱེན་སྐྲུན་དགོས།

    ཚོགས་འདུའི་ཐོག་ད་དུང་ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་ལས་འཕེལ་རྒྱས་དང་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་དང་མཛེས་རྩལ་སློབ་དཔོན་གྱི་དཔྱད་འདེམས་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་ནས། དུང་དཀར་ཚེ་རིང་སོགས་མི་15ལ་བཟོ་རྩལ་དང་མཛེས་རྩལ་སློབ་དཔོན་གྱི་མཚན་སྙན་སྤྲོད་པ་དང་ཆོས་དར་སོགས་མི་10ལ་བཟོ་བོའི་བྱ་དགའ་སྤྲོད་པའི་གཏན་འབེབས་སྒྲོག་སྦྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།