དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལི་ཅིན་ཧྥ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-31

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་བྱུང་ཐོན་ཁུངས་པུའི་ཏང་ཙུའི་ཁོངས་མི་དང་། ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ལི་ཅིན་ཧྥ་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ནས་རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བསྟན་དོན། བོད་ལྗོངས་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན་ཞིག་ཡིན་པས། ཐོན་ཁུངས་རྩད་ཞིབ་དཔྱད་དཔོག་ལས་དོན་ནི་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། དེར་བརྟེན། ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀྱིས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་བོད་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་སྔར་བས་མང་པོ་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    ལི་ཅིན་ཧྥ་ཡིས་ད་རེས་བོད་ལ་ཡོང་དོན་ངོ་སྤྲོད་མདོར་བསྡུས་བྱས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཐོན་ཁུངས་ཀྱི་གནས་བབ་དངོས་འབྲེལ་མཐིལ་རྟོགས་ཐུབ་པར་བྱས་ཏེ། བོད་ཀྱི་ཐོན་ཁུངས་རྩད་ཞིབ་དཔྱད་དཔོག་ལས་དོན་ལ་ཚད་བརྒལ་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།