ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།
ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ། ལོ་སྨད་ཀྱི་དཔལ་འབྱོར་གྱི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་ལས་དོན་གྱི་དུས་བབ་ལ་བརྡར་ཤ་བཅད་གནང་བ་དང་ཐབས་ཇུས་བཀོད་སྒྲིག་གནང་བའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པར་ལས་དོན་བཀོད་སྒྲིག་བྱས་པ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ནས་ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་ཡོང་ཆེད་རྨང་གཞི་དེ་བས་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་སྤུས་ལེགས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་འགན་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དུས་འགོའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་པ། རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་དང་འབྲེལ་མཐུད་ཡག་པོ་བཅས་བྱེད་དགོས། ལེགས་ཆར་དམ་པོར་དམིགས་པ་དང་ཐོན་ལས་ཀྱི་རིམ་པ་སྤོར་བར་དམ་འཛིན་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་དང་། དྭངས་གཙང་ནུས་རྒྱུ། ལྗང་མདོག་བཟོ་ལས། དེང་རབས་ཞབས་འདེགས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་སོགས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཚོང་གཉེར་གྱི་ཁོར་ཡུག་ལ་དམ་པོར་དམིགས་པ་དང་འགུལ་ནུས་གསོ་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་བ། ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགག་སྒོ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་སྒོ་དབྱེའི་ལས་སྟེགས་བསྐྲུན་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རིག་གནས་ཞབས་འདེགས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་བརྟན་དུ་གཏོང་དགོས། མཐའ་བརྟན་མཐའ་དར་དམངས་ཕྱུག་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་དམག་དམངས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་རིམ་ཁག་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། ལོ་རྒྱུས་དང་མི་དམངས་ལ་འགན་དངོས་འབྲེལ་འཁུར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)ལ་ཞིབ་འཇུག་དང་གྲོས་ཞིབ་ཀྱང་བྱས་པ་རེད།
ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་བོད་དུ་བརྟག་ཞིབ་གནང་བར་ཕེབས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ཀྲུའུ་ཞི་ཝང་ཧུའུ་ཉིང་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ་དེ་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བྱམས་བརྩེའི་ཐུགས་ཁུར་གནང་བ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཛའ་བརྩེ་ཟབ་མོ་འཆང་བ་བཅས་གང་ལེགས་མཚོན་གྱི་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་གཅིག་མཐུན་ཡོང་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།