དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་དང་ཞིང་ལྗོངས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ལི་ལེ་ཁྲེང་དང་ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ་དང་། ཁྲེན་ཡུང་ཆི་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-29

    ཚེས་25ནས་27ཉིན་བར། ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་རང་ལྗོངས་སུ་རྟོག་ཞིབ་གནང་བ་དང་འབྲེལ། ལེའོ་ཉིང་གི་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལི་ལེ་ཁྲེང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཅང་ཡིའུ་ཝུའེ་ཡིས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ལེའོ་ཉིང་ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཝུའེ་ཏུང་དང་བསྟན་པ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ལི་ལེ་ཁྲེང་གིས་ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕུང་གི་ཚབ་ཞུས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ལེའོ་ཉིང་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ལེའོ་ཉིང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལེའོ་ཉིང་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་ཚད་བརྒལ་གསར་པའི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་བ་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་ཕྱོགས་བསྡུས་འཆར་འགོད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་ལག་བསྟར་བྱེད་པ་དང་། དམངས་འཚོའི་རོགས་སྐྱོར་ལ་དམིགས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ཐོན་ལས་མཉམ་ལས་ལ་དམིགས་ནས་ནག་ཆུའི་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་པ། སློབ་གསོ་གསོ་སྦྱོང་ལ་དམིགས་ནས་ནག་ཆུར་དགོས་མཁོ་ཆེ་བའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་དམིགས་ནས་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ། ལེའོ་ཉིང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། གྲོལ་མ་ཐག་པའི་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པའི”ཐད་འཐབ་ཇུས་བཀོད་སྒྲིག་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག“གང་ཞིག་བྱེད་པ”དང“ཇི་ལྟར་བྱེད་པ”སོགས་ཀྱི་གནད་དོན་གལ་ཆེན་ཁ་གསལ་བཏོན་ཡོད་ཅེས་གསུངས་པ་དང་། ཁོང་གིས། ལེའོ་ཧྲེན་ས་གཞི་ཆེ་མོ་ནས་གངས་ལྗོངས་ས་མཐོའི་བར་ལེའོ་ཉིང་དང་བོད་ཀྱི་བརྩེ་བ་ཟབ་མོ་ཡོད་པས། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཐོན་ལས་མཉམ་དར་དང་། རིག་གནས་ཡུལ་སྐོར་མཉམ་སྤེལ། འགྲོ་ལམ་མཉམ་སྐྲུན། མཐུན་སྒྲིལ་མཉམ་སྐུལ་བཅས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཐུན་མོང་ཐོག་ཕྱུག་པོ་ཡོང་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའོ་བོད་ཀྱི་ལེའུ་ཡག་པོ་མཉམ་དུ་རྩོམ་རྒྱུའི་རེ་བ་ཡོད། ལེའོ་ཉིང་ཞིང་ཆེན་གྱིས་སྔར་བཞིན་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ལ། བོད་ཀྱིས་ཀྱང་རང་འགུལ་ངང་འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ལས་དོན་དོན་འཁྱོལ་ལ་དམ་འཛིན་དང་། བོད་སྐྱོར་རྣམ་གྲངས་ཚང་མར་དོ་དམ་ཡག་པོ་བྱེད་པ། བོད་སྐྱོར་མ་དངུལ་ཚང་མ་བེད་སྤྱོད་ཡག་པོ་གཏོང་བ། བོད་སྐྱོར་ལས་བྱེད་པ་ཚང་མར་གཅེས་སྐྱོང་ཡག་པོ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལེའོ་ཉིང་ཞིང་ཆེན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་གསུངས་པ་རེད།

    བོད་དུ་བཞུགས་རིང་ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་ད་དུང་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་རྣམ་གྲངས་ལ་རྟོག་ཞིབ་གནང་བ་དང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་གནང་བ་མ་ཟད། ད་དུང་ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་རྒྱུས་ཀྱི་རྒྱུན་མཐུད་སློབ་གསོའི་སློབ་ཕྱིའི་སློབ་ཁྲིད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།