དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-24

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་ཚེས་18ནས་20ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་མངའ་རིས་ས་ཁུལ་གྱི་དགེ་རྒྱས་རྫོང་དང་། སྒར་རྫོང་། དེ་བཞིན་འབྲེལ་གཏུག་བྱ་ཡུལ་རུ་ཐོག་རྫོང་བཅས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོའི་ལས་དོན་སོགས་ལ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ངོ་འཕྲད་སྤེལ་རེས་གནང་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོ་ནི་ཡན་ཅིན་ཧའེ་ཡི་འབྲེལ་གཏུག་གནང་ཡུལ་ཡིན་ཞིང་། ཁོང་གིས་སྔ་རྗེས་སུ་བཀྲ་ཤིས་སྤེན་པ་དང་བདེ་བཟང་ཆོས་འཛོམས་ཀྱི་ཁྱིམ་དུ་ཕེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་འབྱུང་འགྱུར་གྱི་བསམ་ཚུལ་མཁྱེན་རྟོགས་གནང་བ་དང་། ཐག་གཅོད་བྱེད་དགོས་པའི་དངོས་ཡོད་ཀྱི་དཀའ་ངལ་དང་གནད་དོན་བཀའ་འདྲི་གནང་ནས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལན་ཞིབ་ཕྲ་བསྐྱོན་པ་རེད། བཀྲ་ཤིས་སྤེན་པའི་ཨ་མ་དབང་པོ་སྐྱོན་ཅན་ཡིན་པས། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱིས“མཚམས་འཇོག་མི་བྱེད་པ་བཞི”མཐའ་འཁྱོངས་དང་གནད་ཀྱིས་གནད་ལ་དམིགས་ཏེ་ཆ་སྒྲིག་རོགས་སྐྱོར་གྱི་བྱ་ཐབས་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་དུད་ཚང་གི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ནུས་ལྡན་ཐུབ་པར་བྱས་པ་རེད། ཡན་ཅིན་ཧའེ་ཡིས་དེའི་ཐད་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མུ་མཐུད་ལག་ལེན་བསྟར་ནས་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུས་ཏེ་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་བ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། བདེ་བཟང་ཆོས་འཛོམས་ཀྱིས་དགའ་ཚོར་ཆེན་པོས་ཁྱིམ་ཚང་གི་ཡོང་འབབ་སྐོར་གླེང་བ་གཟིགས་སྐབས་ཡན་ཅིན་ཧའེ་ཡིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བསྟུན་རྟོག་དཔྱོད་དང་གོ་སྐབས་དམ་འཛིན་གྱིས་བཏོན་གནང་བའི་འཐབ་ཇུས་དང་ཇུས་གཞི་ཞིག་རེད། ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། གྲོལ་མ་ཐག་པའི་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སླར་ཡང་ཆེད་དོན་བཀོད་སྒྲིག་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་ལས་དོན་སྒྲུབ་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར་ལས་དོན་བསྒྲུབས་ཚེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཅེས་གསུངས་པ་དང་། ཁོང་གིས་ཡུལ་མི་ཚོར་རྒྱལ་གཅེས་ཀྱི་བརྩེ་སེམས་དར་སྤེལ་གཏོང་བ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    དགེ་རྒྱས་རྫོང་ཁུལ་ལྡན་རའི་རྒྱུད་བཟང་གསོ་སྤེལ་ར་བར་ཡན་ཅིན་ཧའེ་ཡིས་རྒྱུད་བཟང་འདེམས་གསོ་འཕེལ་རྒྱས་དང་གཟན་རྩྭ་འདེབས་འཛུགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རྩྭ་ཐང་ལ་བརྟེན་ནས་ཕྱུགས་རིགས་ཀྱི་གྲངས་འབོར་གཏན་འཁེལ་བྱེད་པ་དང་རྩྭ་རའི་དོན་དངོས་ལ་གཞིགས་ནས་ལུགས་མཐུན་གྱི་ཕྱུགས་རིགས་ཤོང་ཚད་གཏན་འཁེལ་བྱས་ཏེ། ཕྱུགས་རྩྭའི་ཐོན་ཁུངས་ལུགས་མཐུན་ངང་སྤྱད་ནས་རྩྭ་རའི་སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་འདེབས་དང་། ས་མཐོར་འཚམ་པའི་རྩྭ་སོན་འདེམས་པ། སྔོན་ཐོན་ལག་རྩལ་ནང་འདྲེན་བཅས་བྱས་ནས་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་གཟན་རྩྭ་འདེབས་འཛུགས་ཀྱི་ལམ་བུར་སྐྱོད་དགོས་ཞེས་གསུངས་པ་རེད།

    སྒར་རྫོང་གཙོ་ཚོ་ཤང་འཕྲོད་བསྟེན་ཁང་དུ་ཡན་ཅིན་ཧའེ་ཡིས་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་དེ་གར་གཞི་རིམ་གྱི་དྲོད་རླངས་མཁོ་འདོན་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད། ཁོང་གིས། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ལག་རྩལ་གྱི་ཐབས་ལམ་ཡག་པོ་འདེམས་པ་དང་། དྲོད་རླངས་མཁོ་འདོན་གྱི་རྣམ་པ་གསར་གཏོད། རྣམ་གྲངས་ཀྱི་ཚོད་ལྟ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་ད་དུང་མཐའ་སྲུང་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།