ལིའུ་ཅང་གིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་19ཉིན། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་མཐའ་གཅིག་ཏུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་རེད།
ལིའུ་ཅང་གིས། ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་དང་། མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཀྱི་རྩ་འཛུགས་མ་ལག་དང་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི“གནམ་རྒྱ་ས་རྙི”བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི“མི་དམངས་ཀྱི་དམག་འཁྲུག”ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ནས་རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་སྤེལ་ཤུགས་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་དང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།