ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པ་དང་བཞུགས་མོལ་གནང་བ།
ཁ་གཏད་མཉམ་ལས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་ལ་སྐུལ་འདེད་གཏོང་བ། མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
ཟླ་7ཚེས་17དང་18ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པ་དང་འབྲེལ་ཧྲང་ཧའེ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཟླ་7ཚེས་17དང་18ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཧྲང་ཧའེ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མྱང་སྟོད་ཤང་བསོད་སྐད་གྲོང་ཚོའི་མིག་དམར་ཆུང་བདག་གི་ཁྱིམ་དུ་ས་མཐོའི་ཐབ་ཆས་གསར་པ་སྤྱོད་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་7ཚེས་17དང་18ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པ་དང་འབྲེལ་ཧྲང་ཧའེ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། མཉམ་ལས་སྤེལ་རེས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་དང་འབྲེལ་ས་གནས་གཉིས་པོའི་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་བཏོད་པ་རེད། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་གིས་གསུང་བཤད་གནང་བ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཁྲེན་ཅི་ཉིང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧྲང་ཧའེ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་མགྱོགས་སུ་བཏང་ཡོད། བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པའི”ཞུམ་མེད་གཤིས་རྒྱུད་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་ཧྲང་ཧའེ་ཡིས་སློབ་སྦྱོང་བྱེད་རིན་འདུག་ཅེས་གསུངས་པ་རེད།
ཁྲེན་ཅི་ཉིང་གིས། ཧྲང་ཧའེ་ཡིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་འགོ་འཛུགས་ས་གསར་པར་བརྩིས་ནས། རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་ཡག་པོ་བཏང་སྟེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧྲང་ཧའེ་ཡིས་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན། གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་གནང་བའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཡག་པོ་གཏོང་དགོས། གཞི་རིམ་དང་དམངས་འཚོར་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ནང་གནས་ཀྱི་འཕེལ་རྒྱས་སྒུལ་ཤུགས་འཕེལ་བར་སྣང་ཆེན་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་ལས་རོགས་སྐྱོར་དང་། རིག་གནས་དང་ཡུལ་སྐོར་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་བཅས་ཡག་པོ་བྱེད་པ། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་གི་ཡིན་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཧྲང་ཧའེ་ཡིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། བོད་འདི་ཉིད་ཧྲང་ཧའེ་དང་བར་ཐག་ལེ་དབར་སྟོང་གི་སར་གནས་རུང་། ཧྲང་ཧའེ་མི་དམངས་དང་བོད་ལྗོངས་མི་དམངས་དབར་གྱི་སེམས་པ་དམ་པོར་འབྲེལ་ཡོད། ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ཁྱབ་ཁོངས་དེ་བས་ཆེ་བ་དང་། རིམ་པ་དེ་བས་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རིག་སྟོབས་ཀྱི་བོད་སྐྱོར་བྱེད་ཟབ་ཏུ་གཏོང་བ། སློབ་གསོ་དང་སྨན་བཅོས་དང་ཞིང་ནགས་ཕྱུགས་གསུམ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐུན་མོང་ཐོག་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་སྐྱེ་དངོས་དང་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཐོན་ལས་སྐྱེད་སྲིང་དང་། རིག་གནས་དང་ཡུལ་སྐོར། ཟོག་འགྲེམས་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ལ་རོགས་སྐྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཀྱི་ཐོན་རྫས་ཀྱི་ཚོང་ལམ་ཡངས་སུ་གཏོང་བ་དང་ཁེ་ལས་ཀྱིས་ཁྲོམ་ར་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དེ་བས་ཆེ་བ་ཡོང་བར་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་སྣེ་ཁྲིད་བྱེད་དགོས། བོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལས་དོན་སྤེལ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཧྲང་ཧའེ་དང་བོད་དབར་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་གི་ཡིན་ཞེས་གསུངས་པ་རེད།