ཝང་ཅུན་ཀྲེང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།
ཁྲེན་ཆིང་ཚང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཁྲེན་ཡུང་ཆི་ཞུགས་པ།
● ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཚེས་11ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས“ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་ཅིང་། ཁོང་གིས་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། འབད་འབུངས་ཡར་བརྩོན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་གཞོན་པ་ཁྲེན་ཆིང་ཚང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་ཁྲེན་ཡུང་ཆི་དང་། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མ་ལག་ཆ་ཚང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པ་མ་ཟད། ཚན་རིག་གི་རང་བཞིན་དང་། མི་དམངས་ཀྱི་རང་བཞིན། དུས་རབས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན། སྒོ་དབྱེའི་རང་བཞིན་བཅས་མངོན་གསལ་དོད་པས་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མུ་མཐུད་ཟབ་ཏུ་བཏང་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཆབ་སྲིད་ཐོག་ནས་དཔལ་འབྱོར་ལས་དོན་ལ་སྟངས་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་གྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པོ་བྱེད་པ། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་གྱི་ལས་དོན་སྒྲུབ་མཁས་པོ་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཏང་གིས་དཔལ་འབྱོར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། ཇུས་ཐག་གཅོད་པ་བཅས་བྱེད་པ། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་ཁྲིད་སྟོན་དུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བཀོད་འདོམས་དབྱུག་པ་དང་ཕྱོགས་སྟོན་ནུས་པ་ཡག་པོ་སྤྱོད་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བསམ་བློའི་ནང་དངོས་འབྲེལ་མཉམ་འདྲེས་ཡོང་བར་བྱས་ནས་ནང་སེམས་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་དགོས། ཚན་རིག་དང་མཐུན་པའི་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་སྟངས་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། བརྟན་ལྷིང་གཙོར་བཟུང་དང་ཡར་བརྩོན་གལ་ཆེར་འཇོག་རྒྱུ་མཐའ་འཁྱོངས། བརྟན་ལྷིང་དང་ཡར་བརྩོན་ལ་ཕན་ཚུན་སྐུལ་འདེད་དང་སྤེལ་རེས་བྱེད་པ། འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བྱེད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་བ། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ། ལས་ཀའི་མྱུར་ཚད་སྟངས་འཛིན་བྱེད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་བརྟན་ལྷིང་དང་ཡར་བརྩོན་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་རང་སྣང་གི་རང་སྟོབས་ནུས་པ་གཅིག་གྱུར་བྱེད་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་གཏོང་བ་དང་། ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་ནང་གནས་འབྲེལ་བར་གཞིགས་ནས་བྱ་དངོས་སྟངས་འཛིན་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་དང་ཕྱོགས་བསྡུས་དོ་སྙོམས་ཡོང་བར་བྱེད་པ། རྩོད་སྒྲུབ་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། མ་འོངས་སྔོན་མཐོང་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཡོངས་དང་ཆ་ཤས་ཕན་ཚུན་ཆ་སྒྲིག་དང་། རྩ་ལག་མཉམ་བཅོས་ཟུང་འབྲེལ། རིམ་གྱིས་སྐུལ་འདེད་གཏོང་བ་དང་འགག་སྒྲོལ་ཕན་ཚུན་འབྲེལ་མཐུད་བཅས་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པའི་ལས་ཀའི་འཇོན་ཐངཆེ་རུ་གཏོང་བ་དང་། གནད་དོན་ཤེས་རྟོགས་བྱེད་མཁས་པ་དང་། གནད་དོན་ལ་ཞིབ་འཇུག་གཏིང་ཟབ། གནད་དོན་ཐག་གཅོད་བྱེད་མཁས་པ། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་དམ་ཟབ། གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། རང་འཁྲིའི་ལས་འགན་སྒྲུབ་པ་དང་འགན་འཁྲི་ལག་བསྟར་བཅས་བྱས་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བཅས་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཆེད་ལས་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཚན་རིག་ཅན་དང་། ཁྲིམས་སྐྱོང་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། དེང་རབས་ཀྱི་དཔལ་འབྱོར་ཤེས་བྱ་དང་དེང་རབས་ཀྱི་དཔལ་འབྱོར་ལ་དོ་དམ་བྱེད་ཤེས་པ་བཅས་བྱས་ཏེ་དཔལ་འབྱོར་ལས་དོན་གྱི་བྱང་གོམས་ཅན་ཞིག་ཏུ་འགྱུར་བ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཤེས་སྦྱོར་གཅིག་མཐུན་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕན་འབྲས་དངོས་ཐོན་པ། གྲུབ་འབྲས་དངོས་གཏོད་པ་བཅས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་བཟང་བ། ལེགས་ཆ་དེ་བས་མངོན་པ་བཅས་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་ཧུར་ཐག་སྐྱོད་དགོས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱེད་པ། རང་རྟོགས་ངང་རང་ཉིད་དེའི་ནང་ཞུགས་པ་དང་། ལས་དོན་དང་ཟུང་འབྲེལ་བྱེད་པ། འགན་འཁྲི་དང་ཟུང་འབྲེལ་བཅས་བྱེད་པ། མཐོ་སར་ལངས་པ་དང་། རྒྱང་རིང་ལ་ལྟ་བ། བསམ་བློ་གཏོང་མཁས་པ། གསལ་པོ་ཤོད་ཐུབ་པ་བཅས་བྱེད་པ། ས་ཁུལ་དང་སྡེ་ཚན་གྱི་ལས་དོན་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་བཅས་བྱས་ཏེ་འཆར་འགོད་བྱེད་སྐབས་སྤྱི་ཡོངས་སྤྱི་འདོམས་དང་བཀོལ་སྤྱོད་ཞིབ་ཚགས་ཐུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་འཇུག་གཞིར་བྱེད་པ། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ཞན་ཆ་སེལ་བ་དང་། ཆད་སྐྱོན་སེལ་བ། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་མཐའ་དག་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་དང་། བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་པ། ལུས་ཚུགས་ཐུབ་པ་དང་འཐབ་ཕྱོགས་དང་པོར་སྐྱོད་པ། ཉམས་མྱོང་ཕྱོགས་སྡོམ་བྱེད་མཁས་པ། ལས་ཀའི་ཧེ་བག་འཚོལ་མཁས་པ་དང་ལས་ཀའི་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲིད་ཇུས་ཀྱི་ཇུས་གཞི་གནས་ཚུལ་དངོས་དང་མཐུན་པ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་དང་། འགན་འཁྲི་འཁུར་ཕོད་པ་དང་། ལས་འགན་སྒྲུབ་ཕོད་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་འགན་འཁྲི་དངོས་འབྲེལ་འཁུར་ཐུབ་པ་བྱེད།