ཞིང་ལས་གྲོང་གསེབ་པུའུ(རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས)དང་རང་སྐྱོང་ལྗོངས་སྲིད་གཞུང་དབར་གྱི་སྦྲེལ་མཐུད་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལིའུ་ཧོན་ཤིན་གྱིས་གསུང་བཤད་གནང་བ།
ཚེས་11ཉིན། ཞིང་ལས་གྲོང་གསེབ་པུའུ(རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས)དང་རང་སྐྱོང་ལྗོངས་སྲིད་གཞུང་དབར་གྱི་སྦྲེལ་མཐུད་ཚོགས་འདུ་ལྷ་སར་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧོན་ཤིན་གྱིས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་2022ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཚོད་སྐོར་ཚུར་ལན་གནད་དོན་སྐོར་ལ་རང་ལྗོངས་ཀྱིས་དག་ཐེར་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་སེང་ཞུས་པ་རེད།
ལིའུ་ཧོན་ཤིན་གྱིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཐད་ཐོབ་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གནང་ཞིང་། ཁོང་གིས་བོད་ཀྱིས་དཔྱད་ཞིབ་བྱས་ནས་གནད་དོན་ཤེས་རྟོགས་ལ་དག་ཐེར་དོན་འཁྱོལ་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་དང་། ཟུར་བལྟས་ལེབ་མཐོང་གིས་དག་ཐེར་ལ་དམ་འཛིན། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དག་ཐེར་ལ་དམ་འཛིན་བཅས་བྱས་ནས་གནད་དོན་དག་ཐེར་གནད་ལ་འཁེལ་བ་དང་ཕུགས་ཕན་ལམ་སྲོལ་འཐུས་ཚང་ཡོང་བར་བྱས་ཏེ་གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་ཏན་ཏིག་སྲུང་བ་དང་། འགན་འཁྲི་དོན་འཁྱོལ་ལ་མུ་མཐུད་དམ་འཛིན། དབུལ་སྒྲོལ་མི་འབོར་ལ་འབབ་འཕར་ཡོང་བར་མུ་མཐུད་སྐུལ་འདེད། གཞི་རིམ་གྱི་རྨང་གཞིར་མུ་མཐུད་ཤུགས་སྣོན། སྲིད་ཇུས་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་མ་ཟད། ཞིང་ལས་དང་གྲོང་གསེབ་པུའུ(རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས)ཡིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ཕྱོགས་ཁག་གི་ཐོན་ཁུངས་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་སྐས་རིམ་གསར་པར་སླེབས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས“རིམ་ལྔའི་འགན་འཁྲི”ནན་དུ་གཏོང་བ་དང་། “མི་འབུད་པ་བཞི”དོན་འཁྱོལ་ནན་ཏན་དང་། བློ་བརྟན་འགྱུར་མེད་དང་རྒྱུན་སྲིང་ལྷོད་མེད་ངང་འབྲེལ་མཐུད་སྲིད་ཇུས་ཁག་དོན་འཁྱོལ་ལ་དམ་འཛིན། གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་སྐྲུན་དགོས་པ་དང་། གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་ནན་དུ་བཏང་སྟེ་དག་ཐེར་ལ་དམ་འཛིན་དང་། ལྷོད་གཡེང་མི་གཏོང་བར་དག་ཐེར་ལ་དམ་འཛིན། ཟུར་བལྟས་ལེབ་མཐོང་གིས་དག་ཐེར་ལ་དམ་འཛིན་བཅས་བྱས་ཏེ་དག་ཐེར་ནུས་ལྡན་ལ་བརྟེན་ནས“ཞིང་གསུམ”གྱི་ལས་དོན་ཕྱོགས་ཡོངས་ནས་སྤུས་འབོར་གཉིས་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་འདོམས་ལྟ་རྟོག་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་གྱིས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལས་སྟེགས་ཀྱི་ནུས་པ་ཡག་པོ་བཏོན་ཏེ། “དུད་ཚང་རེར་ཡིག་ཚགས་རེ”དང“དུད་ཚང་རེར་ཐབས་ཇུས་རེ”འདོན་པར་སྤུས་ཚད་མཐོ་པོས་རོགས་རམ་བྱེད་པ་དང་། ཐོན་ལས་འདེགས་སྐྱོར་དང་ལས་ཞུགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། འགོ་ཁྲིད་ཚན་ཁག་གིས“གནས་དང་གནས་གཏུགས་པའི”གྲོང་གསེབ་དཔེ་སྟོན་ཁུལ་འགན་གཙང་ལེན་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱེད་པ། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སྤེལ་བ། མཛེས་སྡུག་ལྡན་པའི་ས་མཐོའི་གྲོང་གསེབ་སྐྲུན་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྔར་བས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ལ་ཁྲིད་སྟོན་བྱས་ཏེ་རང་ཉིད་ཀྱི་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།