དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཤའོ་ཡིའུ་ཚའེ།
  • ཤའོ་ཡིའུ་ཚའེ་ཡིས་བོད་ལྗོངས་ཧྲང་ཁྲའོ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-10

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་ལྗོངས་ཧྲང་ཁྲའོ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་ཕེབས་ནས་ས་མཐོའི་ནུས་མང་གཡོས་སྦྱོར་རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་ཐོན་རྫས་ཐོན་སྐྱེད་བྱས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། སྔ་རྗེས་སུ་ཀུང་སིའི་ཐོན་རྫས་འཁོར་ཁང་དང་མཛོད་ཉར་སྒྲིག་བཀོད་ལ་གཟིགས་ཞིབ་གནང་ཁར། ཐོན་རྫས་འགྲེམས་སྟོན་ཚོམས་ཆེན་ལ་གཟིགས་སྐོར་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་རྣམ་གྲངས་སྐུལ་སྤེལ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས། བོད་ལྗོངས་ཧྲང་ཁྲའོ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་སྤེལ་ཐོན་སྐྱེད་བྱས་པའི་ས་མཐོའི་ས་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ས་མཐོའི་ས་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་འཛུགས་སྐྲུན་རྣམ་གྲངས་ནི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ལེགས་སུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད་ལ། བོད་ཀྱི་ཡང་བའི་བཟོ་ལས་འཕེལ་རྒྱས་གཏོང་བ་དང་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་སྐྱེད་སྲིང་བྱེད་པའི་ཚད་བརྒལ་ནུས་ལྡན་ཞིག་ཀྱང་རེད་ཅེས་གསུངས་ཤིང་། ཁོང་གིས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྙིགས་རོ་དང་སྙིགས་རླངས་སོགས་ཚད་ལོན་ངང་འབུད་རྒྱུ་འགན་ལེན་དང་། བདེ་འཇགས་ཐོན་སྐྱེད་མཐའ་འཁྱོངས། སྤུས་ཚད་ཞིབ་དཔྱད་ཚད་ལེན་ནན་པོ་བཅས་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས་པ་དང་། དུས་བཀག་ལྟར་འབྲེལ་ཡོད་གཡོས་སྦྱོར་ཐབ་ཆས་ཀྱི་ཐོན་སྐྱེད་བྱེད་རིམ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་མཐོ་བའི་ཐོན་སྐྱེད་སྒྲིག་བཀོད་དང་སྒྲིག་ཆས་ནང་འདྲེན། ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྱོང་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།