ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཟླ་7ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་བསླབ་གཞི་ལས་དོན་ཁྲུའུ་ནས་ཞིབ་ཕྲའི་ལས་དོན་སྤེལ་ཚུལ་མཁྱེན་རྟོཊ་གནང་བཞིན་པ།
● ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བར་འབད་བརྩོན་བྱེད་དགོས།
ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མི་གང་ཞིག་གསོ་སྐྱོང་དང་། མི་ཇི་ལྟར་གསོ་སྐྱོང་། སུའི་ཆེད་དུ་གསོ་སྐྱོང་བཅས་བྱེད་པའི་རྩ་བའི་གནད་དོན་དེར་དམིགས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་བ་ཚེ་རིང་དང་། རྒྱལ་མཚན། ལང་ཧྥུའུ་ཁོན། མོང་ཞའོ་ལིན། ཏུའུ་ཅན་ཀུང་བཅས་ཞུགས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་ལྗོངས་ཡོངས་ཀྱི་སློབ་གསོའི་ཡིག་རྒྱུགས་སློབ་བསྡུའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་འགན་གཙོ་བོ་འཁུར་གྱི་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་ལས་དོན་སྙན་སེང་གསན་པ་དང་ཡིག་རྒྱུགས་སློབ་བསྡུའི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་བློ་འདྲི་བྱེད་པར་ཡོང་བའི་སློབ་མ་དང་ཁྱིམ་བདག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས་ཡོངས་བསྒྲགས་དང་། དྲང་གཞག གཞུང་དྲང་།ཕྱི་གསལ་ནང་གསལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཡིག་རྒྱུགས་སློབ་བསྡུའི་ལས་དོན་ཚད་ལྡན་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབས་ནས་རིགས་ཁག་ཡིག་རྒྱུགས་ཀྱི་སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་དང་། སྲིད་ཇུས་སྒྲོག་འགྲེལ། འདོད་མོས་རེའུ་མིག་རྒྱོང་བ་སོགས་ལ་ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཕན་པ་ཐོབ་པ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་ལས་ཁུངས་སུ་ཝང་ཅུན་ཀྲེང་གིས་སྔ་རྗེས་སུ་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)དོ་དམ་ལྟེ་གནས་ཀྱི་ཏང་ཀྲི་པུའི་བྱེད་སྒོ་ཁང་དང་། འཕེལ་རྒྱས་འཆར་འགོད་ཁྲུའུ། བསླབ་གཞི་ལས་དོན་ཁྲུའུ། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སློབ་གྲྭའི་བདེ་འཇགས་བཀོད་འདོམས་ལས་སྟེགས་བཅས་སུ་ཕེབས་ནས་ལས་དོན་ཞིབ་ཕྲ་མཁྱེན་རྟོགས་གནང་བ་དང་བོད་ལྗོངས་སློབ་གསོ་ཇོ་རི་ཆུ་འཛིན་ལས་སྟེགས་ཁྱབ་གདལ་བེད་སྤྱོད་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་སྦྲགས། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་བརྙན་ལམ་འབྲེལ་མཐུད་བྱས་ཏེ་སློབ་གསོ་སློབ་ཁྲིད་དང་སློབ་གྲྭའི་བདེ་འཇགས་ལས་དོན་མཁྱེན་རྟོགས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་ཀྱིས་དེའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་བེད་སྤྱོད་ཡག་པོ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་དང་། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ལ་མུ་མཐུད་སྐུལ་འདེད་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། སློབ་མར་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཏང་གཅེས་རྒྱལ་གཅེས་དང་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལོན་རྒྱུན་འཛིན་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས། སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་བ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་མི་སྣ་གསོ་སྐྱོང་བྱེད་སྟངས་དང་། སློབ་གཉེར་བྱེད་སྟངས། དོ་དམ་སྒྲིག་སྲོལ། འགན་སྲུང་ལམ་སྲོལ་བཅས་སྒྱུར་བཅོས་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཚོད་འཛིན་བྱེད་པའི་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་དང་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་མཐའ་དག་མཐའ་གཅིག་ཏུ་བསལ་ནས་སློབ་གསོ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་སྐྲུན་མགྱོགས་སུ་གཏོང་བ་དང་། སྤུས་ཚད་མཐོར་གཏོང་དང་ཕུལ་བྱུང་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་པ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་། གྲོང་གསེབ། ས་ཁོངས། སློབ་གྲྭའི་དབར། ཚོགས་སྤྱི་བཅས་ཀྱི་སློབ་གསོའི་ཧེ་བག་ཆུང་དུ་གཏོང་བ། ཕྲུ་གུ་ཚང་མར་དྲང་གཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བཅས་བྱས་ནས་སློབ་གྲྭར་ཡག་པོ་སྐྱོད་ཐུབ་པའི་མང་ཚོགས་ཀྱི་དགོས་མཁོ་དེ་བས་སྐོང་ཐུབ་པ་བྱེད་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་དང་མཐུན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕུལ་བྱུང་འཛུགས་སྐྲུན་པ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་པ། དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་ཁ་ཕྱོགས་པ། རིམ་པ་དང་རིགས་དབྱེ་ནས་ཚན་རིག་དང་མཐུན་པའི་ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། སློབ་ཆེན་རྩེ་གྲ་དང་། རིག་ཚན་རྩེ་གྲ དགེ་མཚན་ལྡན་པའི་རིག་ཚན་བཅས་གང་མགྱོགས་འཛུགས་པ། ཤེས་ལྡན་པ་གསོ་སྐྱོང་དང་ཁྲོམ་རའི་དགོས་མཁོ་དང་འཚམ་ཚད་དང་སློབ་ཐོན་སློབ་མ་དང་ལས་ཞུགས་ལས་གནས་དབར་འབྲེལ་མཐུད་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”གྲུབ་འབྲས་གསར་པ་ཐོབ་ཆེད་ཤེས་ལྡན་པ་མཁོ་འདོན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་ཧུར་ཐག་རྒྱག་པ། སློབ་མར་ཆུང་དུས་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སློབ་གསོ་རྒྱག་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གཡུལ་ས་དོ་དམ་ཡག་པོ་དང་དཔུང་ཁག་དོ་དམ་ཡག་པོ་བྱས་ཏེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་ནན་པོ་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ་དུས་བདེའི་སློབ་གྲྭ་འཛུགས་གཏོད་གཏིང་ཟབ་བྱས་ནས་རྒྱ་ཆེའི་དགེ་སློབ་ལ་ལས་ཀ་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་མི་སྣ་གསོ་སྐྱོང་གི་ཁོར་ཡུག་གཏོད་པ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སློབ་གསོའི་ཁོངས་གཏོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ། སློབ་སྲོལ་དང་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པ་དང་དགེ་རྒན་གྱིས་རང་འགན་ཐེག་པ་འཁུར་ལེན་བྱེད་པར་ཁྲིད་སྟོན། ལས་སྒྲུབ་ལས་གཏོད་ཧུར་ཐག་བྱེད་པ་བཅས་བྱས་ནས་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།