དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    ● སྟོན་ཕྱོཊ་ཡང་དག་འཛུཊ་པ་དང་། ལས་དོན་གྱི་ལམ་སྲོལ་ལེགས་སུ་གཏོང་བ། ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དངོས་སྒྲུབ་དང་བྱས་རྗེས་དངོས་ལ་བརྟེན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་བསྡུས་དཔྱད་ཞིབ་དང་། བདེ་འཇགས་ཐོན་སྐྱེད། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྟོན་ཕྱོགས་ཡང་དག་འཛུགས་པ་དང་། ལས་དོན་གྱི་ལམ་སྲོལ་ལེགས་སུ་གཏོང་བ། ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དངོས་སྒྲུབ་དང་བྱས་རྗེས་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་2023ལོའི་ལོ་འཁོར་གྱི་ས་ཁུལ་དང་གྲོང་ཁྱེར་དང་། ལྗོངས་ཐད་གཏོགས་ཚན་པ། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་མཐོ་སློབ། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་བཅས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་དང་ལྗོངས་ཐད་གཏོགས་ཚན་པའི་གཙོ་གནད་ལས་དོན་གྱི་དམིགས་ཚད་དང་ལས་འགན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་ཏང་ཨུད་ཀྱིས་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་། གོ་དོན་མཐིལ་རྟོགས། འཚོལ་ཞིབ་དོན་འཁྱོལ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ་དང་། དཔྱད་ཞིབ་ལས་དོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་ཁྲིད་སྟོན་བྱེད་པ། རྣམ་པ་དེ་བས་ལེགས་པ་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང “མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་བླང་བྱ་དང་ལས་འགན་བྱེད་ཐབས་ལ་དམིགས་པ།གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཤུགས་ཆེན། ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་གང་ལེགས་བཅས་བྱས་ནས། དཔྱད་ཞིབ་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དཔྱད་ཞིབ་ཀྱི་འབྲས་བུ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་བསྔགས་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་བྱས་འབྲས་དང་ལས་བྱེད་པ་འདེམས་བསྐོ་དང་། གསོ་སྐྱོང་སློབ་གསོ། དོ་དམ་ལྟ་སྐུལ། བསྔགས་སྐུལ་གཅུན་འདོམས། འགན་འཁྲི་བདའ་འདེད། འགན་འཁྲི་རྩད་གཅོད་སོགས་ཟུང་འབྲེལ་དང་། ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་འབེབས་རྒྱུའང་ཡོད་པ་དང་ཟུང་འབྲེལ་བྱས་ཏེ། དཔྱད་ཞིབ་ངོ་མ་དང་བཀོད་སྤྱོད་ངོ་མ་བྱེད་པ་དང་། དཔྱད་ཞིབ་དང་བཀོལ་སྤྱོད་ཟུང་འབྲེལ། དཔྱད་ཞིབ་ལ་བརྟེན་ནས་སྒྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མ་ཐོན་སྔོན་འགོག་ནུས་ལྡན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། ཉེན་བརྡ་རྒྱུན་དུ་གཏོང་བ་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཡོད་རྫས་འགྱུར་དངོས་རྫས་དང་། ཨར་ལས་བཟོ་སྐྲུན། འགྲོ་ལམ་འགྲིམ་འགྲུལ། མེ་ཟོན། བཟའ་བཏུང་། ཡུལ་སྐོར་མཛེས་ལྗོངས་སོགས་གཙོ་གནད་ལས་རིགས་དང་འགག་གནད་ལ་དམ་པོར་དམིགས་པ། ལེབ་བཤེར་རྣམ་པ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ། སོལ་རླངས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལ་སྐུལ་མ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཞན་ཆ་སེལ་བ་དང་ལས་འཛོལ་མ་ཐོན་སྔོན་འགོག་བྱེད་དགོས། ལས་དོན་གྱི་འགན་འཁྲི་ནན་དུ་བཏང་སྟེ་གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་བཟང་བསྟོད་ངན་སྨད་དང་བྱ་དགའ་ཆད་གཅོད་ཁ་གསལ་ཡོང་བར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་མ་བྱས་པ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ཕྱི་ཚུལ་ཙམ་བྱས་རིགས་ལ་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ་ལ་ཞིབ་འཇུག་བྱས་ནས་གྲོས་ཞིབ་བྱས་ཤིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་ནན་པོ་བྱེད་པའི་འགན་འཁྲི་ནན་དུ་བཏང་ནས་འགན་འཁྲི་ཁ་གསལ་བ་དང་། རང་འགན་གཙང་སྒྲུབ། མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་མ་ལག་གང་མགྱོགས་འཛུགས་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ནན་ཏན་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཏང་སྲིད་ཀྱིས་གཙོ་ཁྲིད། མི་རྩ་བར་འཛིན་པ་དང་མཉམ་སྐྲུན་མཉམ་སྤྱོད། ཕྱི་གསལ་ནང་གསལ་དང་བླ་སྲོག་གཏོད་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བསམ་ཕྱོགས་གསལ་བཟོ་དང་། བྱེད་ཐབས་ཁོང་དུ་ཆུད་པ། ཤུགས་རྒྱག་ས་གནད་འཁེལ་འཚོལ་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། དམིགས་ཚད་གཏན་འཁེལ་གྱིས་དངོས་འཛིན་དངོས་སྒྲུབ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་ལོ་ནས་ལོ་བར་བྱ་བ་རེ་རེ་བཞིན་རྒྱུན་མཐུད་ནས་བསྒྲུབས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་གིས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་7པའི་ཟླ་དཀྱིལ་དུ་ལྷ་སར་འཚོག་རྒྱུའི་ཞིབ་འཇུག་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།