དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ཆུ་ལམ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ཁའི་དུམ་བུ་དང་སྐྱིད་ཆུའི་ལུང་གཞུང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་དང་། ཆུ་རགས་རྒྱག་པ་དང་། ཆུ་ལམ་བཅོས་སྒྲིག གྲམ་ཁ་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་གྲྭར་སྤྱི་འདོམས་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་སྲོག་རྩར་སྲུང་སྐྱོང་ཡག་པོ་དང་ལེགས་བཅོས་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ཁའི་དུམ་བུར(གོང་དཀར་གནམ་ཐང་གི་མཐའ་འཁོར)ཕེབས་ནས་ཡུལ་དངོས་ལ་གཟིགས་ཞིབ་གནང་ཞིང་། ཕྱོགས་གཅིག་ནས་ངོ་སྤྲོད་གསན་པ་དང་ཕྱོགས་གཞན་ཞིག་ནས་མི་འདང་ས་བཙལ་གནང་བ་དང་སྦྲགས་ལེགས་བཅོས་བྱེད་ཐབས་ཐད་ཞིབ་འཇུག་ཀྱང་གནང་ཞིང་། ཁོང་གིས། ཆུ་ལམ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པ་ནི་བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པའི་ལས་དོན་ཞིག་ཡིན། དེས་ན། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཀྱི་ཐོག་ནས་སྐྱེ་ཁམས་ལས་གྲྭ་དང་དམངས་འཚོའི་ལས་གྲྭ་གལ་ཆེན་འདི་ཡག་པོ་བསྒྲུབས་དགོས།གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་གཙང་པོའི་ཆུ་ཤུགས་བརྟན་པོ་དང་སྐྱེ་ཁམས་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས། སྐྱེ་ཁམས་ཀྱི་ཆུ་རགས་སྐྲུན་དགོས་ལ། ཁྲལ་སེལ་སླ་བཅོས་གཏན་ནས་མི་བྱེད་པར་གཙང་པོ་དྭངས་ཤིང་གཙང་ལ་ཤང་ཤང་དུ་རྒྱུག་པ་དང་། ངོགས་གཉིས་སྔོ་ཞིང་ལྗང་ལ་ཡུལ་ལྗོངས་མཛེས་པ། མི་དང་གཙང་པོ་ཞི་མཐུན་མཉམ་གནས་ཐུབ་པ། དུས་ཡུན་རིང་པོར་ཆུ་ཤུགས་བརྟན་པོ་ཡོང་བ་བཅས་བྱེད་དགོས། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་དང་ཆུ་ངོགས་ཆུ་གཞུང་གཉིས་ཀར་ལྟ་རྟོག་བྱས་ཐོག་ལུང་གཞུང་རྒྱུད་དུ་ཉི་འོད་དང་ཆུ་རྩ་འདང་ངེས་ཡོད་པའི་ལེགས་ཆར་གཞི་ཚུགས་ནས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པར་བྱེད་པ། གཉེར་སྐྱོང་བྱེད་པོ་སྤུས་དག་འགུག་པ། ཡུལ་བབ་དང་བསྟུན་ནས་ས་མཐོའི་དེང་རབས་སྒྲིག་བཀོད་ཞིང་ལས་དང་སྐྱེ་ཁམས་ཡུལ་སྐོར་ལྗོངས་གཟིགས་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    སྐྱིད་ཆུའི་ལུང་གཞུང(སྟོད་ལུང་ནུབ་ཕྱོགས་སུ)གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ཚོད་ལྟའི་ལས་དོན་སྤེལ་ཡུལ་དུ། ཡན་ཅིན་ཧའེ་ཕེབས་ཞོར་དུ་གཟིགས་ཞིབ་གནང་ནས་ལས་གྲྭའི་འཕེལ་རིམ་མཁྱེན་རྟོགས་གནང་བ་དང་སྦྲགས་ཚོད་ལྟའི་ལས་གྲྭར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། སྐྱིད་ཆུ་ནི་ཡར་ཀླུང་གཙང་པོའི་ཆུ་ལག་ཆེ་ཤོས་དང་ལྷ་སའི“མ་ཡུམ་གཙང་པོ”ཡིན་པས། མི་དམངས་མང་ཚོགས་ཀྱི་བདེ་རྩ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད། དེར་བརྟེན་ཡང་འབད་བསྐྱར་འབད་བྱས་ནས་ལས་གྲྭའི་སྤུས་ཚད་འགག་སྒོ་དང་། སྐྱེ་ཁམས་བཅོས་སྐྱོང་འགག་སྒོ ཆུ་ལམ་སྲུང་སྐྱོང་འགག་སྒོ་བཅས་ནན་པོ་བསྲུངས་ཏེ་ཚོད་ལྟའི་ལས་དོན་དཔེ་སྟོན་ལས་དོན་དུ་བསྒྲུབས་ནས་རྗེས་མཐུད་ཀྱི་འབབ་རྒྱུད་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་གི་ལས་དོན་ལ་ཉམས་མྱོང་དང་མིག་དཔེ་འདོན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།