དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་ལེགས་སྒྲུབ་ཟིན་པ།

    འབྲེལ་ཡོད་ལྗོངས་ཐད་གཏོགས་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ལ་ཚུར་ལན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚོགས་ཆུང་གིས་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན། དེ་བཞིན་བོད་ལྗོངས་འཛུགས་སྐྲུན་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སི་སོགས་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་11གི་ཏང་རྩ་འཛུགས་ལ“གཅིག་གཏད་གཅིག”གི་ཚུར་ལན་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚུར་ལན་ཚོགས་འདུ་ཁག་གཅིག་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    སྐོར་གཟིགས་ཚོགས་ཆུང་5ཡིས་ཚན་པ་ཁག་ལ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོར་སྐོར་གཟིགས་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་གལ་ཆེན་ཚུར་ལན་གནང་བ། འགོ་ཁྲིད་ཚན་ཁག་ལ་སྐོར་གཟིགས་བྱས་ཚུལ་ཚུར་ལན་གནང་བ། འབྲེལ་ཡོད་ཁྱབ་ཁོངས་ནང་ལྷག་པའི་ཡོངས་ཁྱབ་རང་བཞིན་དང་ཐུན་མོང་རང་བཞིན་གྱི་གནད་དོན་བརྡ་ཁྱབ་བཏང་བ་མ་ཟད་བཅོས་སྒྲིག་ལས་དོན་ཐད་བླང་བྱའང་བཏོན་གནང་བ་རེད།

    ཚུར་ལན་ནང་བསྟན་དོན། གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་དང་། ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ཀ་རྟེན་གལ་ཆེན་དང་བརྟེན་སའི་སྟོབས་ཤུགས་ཤིག་རེད། རེས་སྐོར་གོང་མའི་སྐོར་གཟིགས་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ལྗོངས་དོ་དམ་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་བྱས་ནས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བར་གྲུབ་འབྲས་ངེས་ཅན་ཐོབ་མོད། འོན་ཀྱང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་དང་བསྡུར་ཚེ་ད་དུང་ཏང་གི་འགོ་ཁྲིད་ཉམས་ཞན་དང་། ཁྲིམས་མིའི་བཅོས་སྐྱོང་མ་ལག་འཁོར་སྐྱོད་ཤར་གཏོང་མེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་པོ་མེད་པ། དེ་བཞིན་གཙོ་བོའི་ལས་སྒོ་དང་དོན་དངོས་ལས་འགལ་བ་སོགས་ཀྱི་གནད་དོན་གནས་ཡོད་ལ་གནད་དོན་ཁག་གཅིག་ལ་མཐུན་ཆ་ཡང་ཡོད་ཅིང་། ལ་ལར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་གནད་འཁེལ་མེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་མ་བྱུང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་དང་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁྱབ་ཁོངས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནུས་ལྡན་མ་བྱུང་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ཆ་ཚང་པོ་མ་བྱུང་བ་དང་། ལ་ལར་གཙོ་བོའི་ལས་སྒོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། དོན་དངོས་དང་འགལ་བ། ཁེ་ལས་ཀྱི་རང་རྟེན་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་པོ་མེད་པ། ཁྲོམ་རའི་འགྲན་རྩོད་ནུས་པ་མི་འདང་བ། ལ་ལར་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་འགོར་བ་དང་སྒྱུར་བཅོས་ཀྱི་ཕན་འབྲས་ད་དུང་ཆེ་རུ་གཏོང་དགོས་པ། ལ་ལར་སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་མོ་མེད་པ་དང་། བདེ་འཇགས་ཀྱི་ཉེན་ཁ་དང་། མ་འཇོག་གི་ཉེན་ཁ། བུ་ལོན་གྱི་ཉེན་ཁ། བརྟན་ལྷིང་སྲུང་སྐྱོང་གི་ཉེན་ཁ་བཅས་ཚད་གཞི་མི་འདྲ་བ་གནས་པ། ལ་ལར་སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་པོ་མེད་པ་དང་། “ཁེ་ལས་ལ་བརྟེན་ནས་སྒེར་ཕན་གཉེར་བ” སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། ལ་ལར་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བཞིན་ཞན་ཆ་ཡོད་པ། ལ་ལར་འགན་ནུས་དང་འགན་འཁྲི་དང་ཟུང་འབྲེལ་བྱས་ནས“འཛུགས་གཏོད་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། བརྟན་ལྷིང་དང་། སྐྱེ་ཁམས། མཐའ་སྟོབས་བཅས་ལ་ཤུགས་རྒྱག་ཚད་མི་འདང་བ་བཅས་ཀྱི་གནད་དོན་གནས་ཡོད།

    ཚུར་ལན་ནང་བསྟན་དོན། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། རེས་སྐོར་གོང་མའི་སྐོར་གཟིགས་བྱས་ཚུན། ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་བླང་བྱ་དང་། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་དམིགས་ནས་སྐྱེ་ཁམས་ཤེས་དཔལ་ཁྱབ་ཁོངས་ཡོངས་ཀྱི་དཔེ་སྟོན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་བས་སྐྱེ་ཁམས་ཁོར་ཡུག་བྱ་གཞག་ལ་གྲུབ་འབྲས་ངེས་ཅན་ཐོབ་མོད། འོན་ཀྱང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་དང་བསྡུར་ཚེ། ད་དུང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གནད་འཁེལ་བྱུང་མེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་མི་འདང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ད་དུང་ཧེ་བག་ཡོད་པ་བཅས་ཀྱི་གནད་དོན་གནས་ཤིང་། ལ་ལར་ཕྱོགས་ཡོངས་ནས་བསམ་གཞིག་དང་འཆར་འགོད་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་སྒྲུབ་པར་སེམས་ཤུགས་མི་འདང་བ་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཤུགས་མི་འདང་བ་དང་། ལ་ལར་སྦགས་བཙོག་ཁོར་ཡུག་རྣམ་གྲངས་ཐད་ཀྱི་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོ་མེད་པ། ལ་ལར་རྨོ་ཞིང་དང་། འདམ་ར། ནགས་ས། ན་ཁ་སོགས་སྲུང་སྐྱོང་ལ་མཐོང་ཆེན་བྱེད་རྒྱུ་མི་འདང་བ་དང་། ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་དང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་གནད་དོན་ཡང་ཡང་ཐོན་པ། རྫོང་ཁོངས་ཀྱི་སྐྱེ་ཁམས་དམངས་ཕྱུག་གི་བྱེད་ཐབས་དོན་འཁྱོལ་དྲང་བདེན་མེད་པ། གད་སྙིགས་དང་སྨན་བཅོས་ཀྱི་སྙིགས་རོ་གཙང་སེལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ། ལ་ལར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་ཤུགས་མི་འདང་བ་བཅས་ཀྱི་གནད་དོན་གནས་ཡོད།

    ཚུར་ལན་ནང་བླང་བྱ་བཏོན་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཀ་རྟེན་གྱི་གནས་བབ་དང་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རང་རྟོགས་ངང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་སྒྲུབ་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། རེས་སྐོར་འདིའི་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱས་ནས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ཏེ་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁྱབ་ཁོངས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་བཅས་ལ་དེ་བས་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་མུ་མཐུད་ཤུགས་སྣོན་རྒྱག་པ། “འཛུགས་གཏོད་བཞིའི”ལས་དོན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱིས་གཙོ་བོའི་ལས་སྒོར་དམིགས་པ་དང་ཁེ་ལས་སྟོབས་ཆེར་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་ཐུབ་པར་བྱེད་པ། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་ཧུར་ཐག་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱིས“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དེ་བརྟན་ལྷིང་དང་། འཕེལ་རྒྱས། མཐའ་སྟོབས་བཅས་ཀྱི་ལས་དོན་དང་སྤྱི་འདོམས་ནུས་ལྡན་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཟབ་གཏོང་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བར་མུ་མཐུད་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    ཚུན་ལན་ནང་ནན་བཤད་བྱས་དོན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ《སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སྒྲིག་འཛུགས་ཀྱིས་སློབ་སྦྱོང་ནན་ཏན་བྱེད་པ་དང་། དག་ཐེར་དོན་འཁྱོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། དག་ཐེར་དོན་འཁྱོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། རེས་སྐོར་འདིའི་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་དེ་བཞིན་ལྟ་སྐུལ་བྱས་ནས་བཏོན་པའི་གནད་དོན་གཞན་དག་ལ་དམིགས་པ། “མཉམ་འདྲེས་བཞི”ཡི་བླང་བྱ་ལྟར་ཟུར་བལྟས་ལེབ་མཐོང་དང་། སྡེབ་གཅིག་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་དག་ཐེར། རྒྱུན་མཐུད་དག་ཐེར་བཅས་བྱེད་དགོས་པ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་དག་ཐེར་གྱི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་སྒྲུབ་པ་དང་། “རང་ཉིད་ངོ་མས་སྒྲུབ་ཐུབ་པ་བཞི”ཐུབ་པར་བྱས་ཏེ་དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། འགོ་བཙུགས་མ་ཐག་དག་ཐེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། དག་ཐེར་གྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཁྲལ་སེལ་སླ་བཅོས་དང་དག་ཐེར་ཡག་པོ་མ་བྱུང་བའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། སྐོར་གཟིགས་ཀྱིས་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་ནང་དོན་ཐག་གཅོད་ནན་ཏན་བྱས་ཏེ་ཐག་གཅོད་བྱས་ཚུལ་དག་ཐེར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་ཞུའི་ནང་འཇུག་དགོས་པ་མ་ཟད། ད་དུང་རྗེས་མཐུད་དག་ཐེར་གྱི་ནང་དོན་གལ་ཆེན་དུ་བརྩི་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གནད་དོན་སྐོར་གྱི་ཁུངས་སྣེ་འབྱོར་ནས་འབྲེལ་ཡོད་གཏན་འབེབས་ལྟར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།