དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-03

    ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐོར་གཟིགས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། བོད་ལྗོངས་ནང་བསྟན་སློབ་གླིང་གིས་སློབ་གསོ་སློབ་ཁྲིད་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་དཔེ་ཆའི་དགེ་རྒན་དང་སློབ་གཉེར་བས་མཉམ་དུ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང“འདུ་ཤེས་གསུམ”གྱི་སློབ་གསོའི་མཐུན་ཆ་གནད་ལ་འཁེལ་པོས་བཙལ་བ་དེ་ནི་གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཚན་ཞིག་ཡིན་ལ་བརྗོད་དོན་གཙོ་བོའི་སློབ་གསོར་གསོན་ཤུགས་གསར་པ་བསྣན་པ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས། ནང་བསྟན་སློབ་གླིང་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ཀྱིས་ཏང་གི་བྱ་གཞག་ལ་གཟི་བརྗིད་སྣོན་དགོས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལྟར་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཞབས་འདེགས་ཞུ་བར་ཤུགས་བརྒྱབ་སྟེ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ནང་བསྟན་སློབ་གླིང་གི་ཚན་ཁག་དང་ལས་བྱེད་པ་དང་དཔེ་ཆའི་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་བ། སློབ་ཁྲིད་སྤུས་ཚད་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། “ཚད་གཞི་བཞི”དང་མཐུན་པ་བཅས་ཀྱི་དེང་རབས་ཀྱི་དགེ་འདུན་པ་གསོ་སྐྱོང་ཤུགས་ཆེན་བཅས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་ནང་བསྟན་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།