ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་བརྟག་ཞིབ་གནང་བ།
ཟླ་6ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཞིང་ལས་ཞིབ་འཇུག་སུའོ་ཡི་ཚོད་ལྟའི་ས་ཚིགས་གསུམ་པར་ཚན་ཞིབ་ལས་དོན་མི་སྣ་དང་སྤེལ་རེས་གནང་སྟེ་ནས་དང་གྲོའི་སོན་འདེམས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
● ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རིང་ཚན་རིག་ལག་རྩལ་གྱི་སྐུལ་འདེད་ནུས་པ་གང་ལེགས་བཏོན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཞིང་འབྲོག་ལས་འཕེལ་རྒྱས་ཁྲོད་ཚན་རིག་ལག་རྩལ་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་བ་ཚེ་རིང་དང་། རྒྱལ་མཚན། ཚེ་རིང་ཕུན་ཚོགས། པད་མ་དབང་འདུས་བཅས་ཕེབས་པ་རེད།
ཝང་ཅུན་ཀྲེང་གིས། ཞིང་ལས་ཞིབ་འཇུག་སུའོ་དང་། ཞིང་ཆེན་དང་པུའུ་ཡིས་ནས་སོན་དང་འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་དང་རྒྱུད་པ་ལེགས་གཏོང་གི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ། ཆུ་ཐོན་དངོས་རྫས་ཚན་རིག་ཞིབ་འཇུག་སུའོ་བཅས་སུ་ཕེབས་ནས། ཚན་ཞིབ་ལས་དོན་པ་དང་སྤེལ་རེས་དང་གླེང་མོལ་གནང་སྟེ་ནས་དང་གྲོའི་སྣ་ཁ་འདེམས་གསོ་དང་། འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་གསལ་འབྱེད་དཔྱད་དཔོག་དང་གསར་གཏོད། ཞིང་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཉ་ལས་ཐོན་ཁུངས་སྐྱེ་འཕེལ་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞི་ཚུགས་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམིགས་ཏེ། ཞིང་འབྲོག་ཚན་རིག་ཞིབ་འཇུག་དང་། ལག་རྩལ་ཁྱབ་གདལ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་མུ་མཐུད་ཤུགས་བརྒྱབ་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་ཞིབ་ཁོངས་གཏོགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་ལས་ཚན་རྩལ་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་དང་། རྨང་གཞི་དང་ཉེར་སྤྱོད་ཞིབ་འཇུག འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ། ལག་རྩལ་འདུས་གྲུབ་གསར་གཏོད་དང་ཚགས་ཚུད་པ། ལག་རྩལ་བརྒྱུད་སྤྲོད་དང་གཞན་སྒྱུར་བཅས་དབར་འབྲེལ་མཐུད་ནུས་ལྡན་བྱེད་པར་ཤུགས་སྣོན་བརྒྱབ་ནས། ནས་དང་གཟན་རྩྭའི་སྤུས་ཀ་དང་འབྲི་གཡག་གི་རྒྱུད་པ་སོགས་ལེགས་འདེམས་ལ་ཤུགས་སྣོན་རྒྱག་པ་དང་། སོན་བཟང་ཞིབ་སྤེལ་བེད་སྤྱོད་དང་གསོ་ཚགས་ལག་རྩལ་འགག་སྒྲོལ་མགྱོགས་མྱུར་བྱེད་པ། ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་ཆེད་ལག་རྩལ་གྱི་འགན་ལེན་བྱེད་དགོས། དགོས་མཁོ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མགྱོགས་མྱུར་བྱེད་དགོས། ནས་འདེབས་འཛུགས་དང་། ཕྱུགས་རིགས་གསོ་ཚགས། རིམས་ནད་འགོག་བཅོས། བཟའ་བཅའ་ལས་སྣོན་སོགས་ཀྱི་ནང་དོན་ལ་དམིགས་ཏེ། ཐོན་སློབ་ཞིབ་སྤྱོད་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། སོན་བཟང་གསོ་སྤེལ་དང་། བྱ་ཐབས་ལེགས་སྒྲིག ཞིང་ས་སྒྱུར་བཀོད། ཚན་རྩལ་གྱི་ཞབས་འདེགས་གནད་སྨིན་ཞུ་བ། ཚན་ཞིབ་ཀྱི་ལས་འགན“ཐོན་སྐྱེད་དང་། དགོས་མཁོ། ཁྲོམ་ར”བཅས་སུ་ལེགས་གྲུབ་ཡོང་བ་དང་ཚན་ཞིབ་ཀྱི་གྲུབ་འབྲས“ཐོན་སྐྱེད་དང་། ཁེ་ལས། མི་སེར”བཅས་ཁྲོད་སྤྱད་དེ་ཞིང་འབྲོག་ཚན་རྩལ་གྲུབ་འབྲས་དོན་དངོས་དང་། མང་ཚོགས། གཞི་རིམ་བཅས་དང་ཉེ་བཅར་ཐུབ་པར་བྱེད་དགོས། ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཚན་ཞིབ་དང་ཐོན་ལས་མཉམ་འབྲེལ་ལ་སྐུལ་འདེད་བཏང་ནས། ཚན་ཞིབ་གྲུབ་འབྲས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་རའི་དགོས་མཁོ“ནང་དུ་གདན་དྲངས་པ”དང་སྤུས་ལེགས་གྲུབ་འབྲས“ཕྱིར་ཁྱབ་གདལ”ཏན་ཏིག་གཏོང་བ། ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཁྱད་ལྡན་ལེགས་ཆའི་གཙོ་ཁྲིད་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིན་ཐང་འཕར་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་བའི་བར་མཐོངས་རྒྱ་ཆེར་གཏོང་དགོས། ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་ཞིང་འབྲོག་ལས་ཀྱི་ལག་རྩལ་དྲིལ་བསྒྲགས་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་ཆེད་མངགས་པས་ཞབས་ཞུ་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་ཟུང་འབྲེལ་བྱེད་པར་ཁྲིད་སྟོན་དང་། འགག་རྩའི་ལག་རྩལ་འགག་སྒྲོལ་དང་སྔོན་ཐོན་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་པ། གསོ་སྦྱོང་སྒྲིག་འཛུགས་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོ་དང་། དུད་ཚང་། ཞིང་ནང་མུ་ཁར་བཅས་སུ་ཚན་རྩལ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཅས་བཏང་སྟེ་ཞིང་འབྲོག་ཁུལ་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པའི་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། “གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། གཞིས་ཆགས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་བཏང་ནས། ཞིང་འབྲོག་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་མི་སྣ་དང་དེ་བཞིན་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ལྕག་སྐུལ་ལམ་སྲོལ་ནུས་ལྡན་འཛུགས་པ་བཅས་བྱས་ཏེ་རང་ནུས་གང་ཡོད་འདོན་པ་དང་། འཇོན་ཐང་གང་ཡོད་འདོན་པ། སྤྱད་ནས་གྲུབ་འབྲས་ཐོབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། རྒྱ་ཆེའི་ཞིང་འབྲོག་ཚན་རྩལ་ལས་དོན་པར་མིག་རྒྱང་རིང་པོ་དགོས་ལ་ལས་དོན་ཏན་ཏིག་ཀྱང་བསྒྲུབས་ནས། ཚན་ཞིབ་ལས་དོན་གྱི་བསམ་ཕྱོགས་སྔར་བས་གསར་གཏོད་དང་། གཙོ་གནད་མངོན་གསལ། དཀའ་གནད་སེལ་བ། གསར་གཏོད་ལ་རྩེ་གཅིག་ཏུ་གཞོལ་བ། བརྩོན་ཞིབ་རྩེ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་གྲུབ་འབྲས་མང་ཙམ་ཐོབ་པ་དང་གྲུབ་འབྲས་ཆེ་ཙམ་ཐོབ་པའི་འབད་བརྩོན་བྱེད་དགོས།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་སྐུལ་འདེད་བཏང་ནས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་བཅོས་སྒྲིག་བཅས་ཀྱི་ལས་དོན་འབྲེལ་མཐུད་ཀྱིས་མཉམ་འདྲེས་གཏིང་ཟབ་དང་གཞི་གཅིག་ལ་སྐུལ་འདེད་གཏོང་བ་དང་། དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་རྟོགས། དངོས་འབྲེལ་ཞིབ་འཇུག ཞིབ་འཇུག་གཏིང་ཟབ། དངོས་འབྲེལ་ཞིབ་བཤེར། དངོས་འབྲེལ་དག་ཐེར། ཤེས་སྦྱོར་གཅིག་མཐུན་བཅས་ལ་མུ་མཐུད་འབད་བརྩོན་བྱེད་པ། གསོན་ཤུགས་འཕེལ་བ་དང་ལེགས་ཆ་དར་སྤེལ་གཏོང་བ། ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ལ་ཞིབ་བཤེར་བཅས་བྱས་ཏེ། རང་ལྗོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།