ཝང་ཅུན་ཀྲེང་གིས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཧུར་ཐག་སྐོང་དགོས།
ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་པའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ། གཙོ་གནད་ཚད་བརྒལ་དང་དཀའ་གནད་འགག་སྒྲོལ་བྱེད་པ། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཧུར་ཐག་སྐོང་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལང་ཧྥུའུ་ཁོན། ཝེ་ཤིའུ་ཁྲང་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས། ཀུན་སྤྱོད་མཁའ་འགྲུལ་འཕེལ་རྒྱས་གཏོང་བ་དེ་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གྱིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་གཙོ་གནད་ཁ་གསལ་བཟོས་པ་མ་ཟད། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་བ་སྟེ། འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ས་ཁོངས་ཅན་དང་། ཚོགས་སྤྱི་ཅན། ཁག་ཐེངས་དབྱེ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་། “མ་འཇོག་དང་། འཛུགས་སྐྲུན། སྐྱེལ་འདྲེན”བཅས་གཞི་གཅིག་ཅན་རྣམ་པའི་ལེགས་ཆ་བཏོན་ནས་ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ནུས་པའི་ངེས་གནས་དབྱེ་བ། ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱེལ་འདྲེན་གནམ་ཐང་གིས་ལྟེ་བ་དང་། ཀུན་སྤྱོད་གནམ་ཐང་གིས་འདེགས་སྐྱོར་དུ་བྱེད་པ། ཐད་འཕུར་གནམ་གྲུ་འཕུར་བབས་བབས་ཚུགས་ཀྱིས་ཁ་སྣོན་དུ་བྱེད་པ་བཅས་ཀྱི་ཀུན་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱའི་མ་ལག་སྐྲུན་དགོས།
གཞི་རྟེན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་གྲངས་ཀྱི་དུས་འགོའི་སྐུལ་འདེད་དང་སྒྲིག་འཛུགས་གང་མགྱོགས་ལག་ལེན་བསྟར་བ། མ་དངུལ་དང་། ས་ཆ། ཤེས་ལྡན་པ་སོགས་ཐད་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ད་ཡོད་ཀྱི་ཀུན་སྤྱོད་གནམ་ཐང་གི་ཕྱོགས་སྟོན་དང་འབར་སྣུམ་ཁ་གསབ་སོགས་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་གང་མགྱོགས་སྐྲུན་པ། ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་ཟུང་འབྲེལ་བཅས་བྱས་ནས་ཀུན་སྤྱོད་མཁའ་འགྲུལ་སྤྱོད་ཡུལ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། འཕྲལ་སྡོམ་རོགས་སྐྱོབ་དང་། ནགས་ཚལ་མེ་ཟོན། ཉེན་དོན་མཁའ་འགྲུལ། སྨན་བཅོས་སྲོག་སྐྱོབ། ཐག་ཉེའི་སྐྱེལ་འདྲེན། མཁའ་འགྲུལ་ཡུལ་སྐོར། གནམ་གྲུས་སོན་འདེབས་ནགས་བཟོ་སོགས་ཐད་ཀྱི་ཀུན་སྤྱོད་མཁའ་འགྲུལ་གྱི་ནུས་པ་གང་ལེགས་བཏོན་ནས་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་ལས་མཉམ་འདྲེས་བྱེད་མགྱོགས་སུ་གཏོང་དགོས།
སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ཀྱི་དོན་དངོས་དང་འཚམ་པའི་མཁའ་ཁོངས་བབ་བསྟུན་བེད་སྤྱོད་དོ་དམ་བྱ་ཐབས་དང་མི་མེད་གནམ་གྲུའི་དོ་དམ་གཏན་འབེབས་ཞིབ་འཇུག་བྱས་ནས་བཟོ་བ། ཀུན་སྤྱོད་གནམ་ཐང་འཛུགས་སྐྲུན་གྱི་ཚད་གཞི་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། རིགས་དབྱེ་རིམ་དབྱེའི་དོ་དམ་ལག་བསྟར་བཅས་བྱས་ནས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་། དངོས་སྤྱོད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་བཏང་ནས་ཆུ་ཚད་མཐོ་བའི་ཇུས་འདོན་ཞབས་འདེགས་དང་། ལས་ཕྱོད་ཆེ་བའི་སྤྱི་འདོམས་མཐུན་སྦྱོར། སྤུས་ཚད་མཐོ་བའི་ལྟ་སྐུལ་དོན་འཁྱོལ། ཚད་གཞི་མཐོ་བའི་འཁོར་སྐྱོད་འགན་ལེན་བཅས་བྱས་ཏེ་ཀུན་སྤྱོད་མཁའ་འགྲུལ་གྱི་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།
རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་འདུ་ཤེས་དང་ཐེག་པ་འཁུར་ལེན་གྱི་སྙིང་སྟོབས་ཆེ་རུ་བཏང་ནས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མཁའ་ཁོངས་བེད་སྤྱོད་ལམ་སྲོལ་སྔར་བས་ལེགས་སུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་དོ་དམ་ཚད་ལྡན་བྱེད་པ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་འཕེལ་རྒྱས་འགན་ལེན་བཅས་བྱས་ནས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ཏན་ཏིག་བྱེད་དགོས།