དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་སྤྲོད་པའི་སྐོར་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-28

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་སྤྲོད་པའི་སྐོར་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཐོབ་མཁན་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རིག་གཞུང་ཐད་འཆད་རྩོད་རྩོམ་གསུམ་དང་། དགག་བཞག་སྤོངས་གསུམ། ཐབས་འདོན་ཇུས་འབུལ་བཅས་ཧུར་ཐག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་འཕེལ་རིམ་ཁྲོད་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། རིམ་ཁག་ཏང་ཨུད་ཀྱིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་གང་ལེགས་བཏོན་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་དུས་རབས་ཀྱི་བླང་བྱ་དང་བསྟུན་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་ཡག་པོ་བྱ་རྒྱུར་ཁྲིད་སྟོན་གྱིས། བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་26ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་སྤྲོད་པའི་གཟེངས་བསྟོད་ཚོགས་ཆེན་དེ་ལྷ་སར་འཚོགས་པ་དང་ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཐོབ་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》སྒྲོག་སྦྱངས་བྱས་པ་མ་ཟད། བྱ་དགའ་ཐོབ་མཁན་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲད་པ་དང་འབྲེལ་བྱ་དགའ་ཐོབ་མཁན་འཐུས་མི་3གྱིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཝང་ཧའེ་ཀྲོའུ་ཡིས། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་དང་དེ་བཞིན་རྒྱ་ཆེའི་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གནས་བབ་གལ་ཆེན་དང་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཡང་དག་པའི་སྟོན་ཕྱོགས་སྟངས་འཛིན་བྱས་ཏེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་སྣོན། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གྱི་སྤྱི་ཡོངས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་དོན་ལ་དམིགས་ཏེ་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་པ་དང་། གྲངས་འཛིན་ཅན་ལ་བརྟེན་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། ལས་ཀའི་ལམ་སྲོལ་དང་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་མ་ལག་གང་མགྱོགས་གཏོད་དགོས། རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། ཇུས་འདོན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་སྒྱུར་རྩ་སྒྱུར་ཁྲོད་འགན་འཁྲི་གསར་པ་འཁུར་བ། གཞུང་འཁྱོངས་གསར་འབྱེད་ཁྲོད་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།