ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་གླེང་མོལ་གནང་བ།
● རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་རང་འགན་གཙང་སྒྲུབ་དང་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕུལ་བྱུང་འཛུགས་སྐྲུན་པ་ཧུར་ཐག་བྱེད་དགོས།
ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་གླེང་མོལ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་རང་འགན་གཙང་སྒྲུབ་དང་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕུལ་བྱུང་འཛུགས་སྐྲུན་པ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཝེ་ཏུང་དང་། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་དངོས་འབྲེལ་བདམས་ནས་བཀོལ་སྤྱོད་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་གང་ཐུབ་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་རང་རྟོགས་ངང་ཞུན་བརྡར་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག མར་ཁེ་སི་རིང་ལུགས་ལ་ལྷག་བསམ་རྣམ་དག་བཅས་བྱེད་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་འཚོའི་ཞན་ཆ་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ནས་མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་འགན་འཁྲིའི་འདུ་ཤེས་དང་། སྤྱི་ཞབས་པའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ། གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་ཁྲོད་སྐྱོད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ནན་ཏན་ངང་ཉན་པ། མང་ཚོགས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་བྱེད་རོགས་ཧུར་ཐག་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས།
འགན་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་དང་། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་མཁས་པོ་དང་བྱ་བ་སྒྲུབ་མཁས་པོ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། “གང་ཞིག་སྒྲུབ་དགོས་པ་དང་། ཇི་ལྟར་སྒྲུབ་དགོས་པ། ཅི་ཞིག་སྒྲུབ་དགོས་པ”བཅས་ལ་དམིགས་ནས་ལས་ཀའི་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་གཅུན་ནན་པོ་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་འདོམས་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་སྐུལ། རང་གཟབ། རང་གཅུན་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དམ་པོར་བསྲུངས་ནས། རང་ཚུགས་ཟིན་པ་དང་། ཀུན་སྤྱོད་གཙང་བ། འཇོན་ཐང་ཆེ་བ་བཅས་ཐུབ་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པ་བློ་ལ་བརྟན་པོར་བཅངས་ནས། རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་ནས་མཐའ་གཅིག་ཏུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་མཁན་གྱི་མིག་དཔེ་དང་། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་སྲིད་བརྩོན་དམངས་བདེའི་མིག་དཔེ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པའི་མིག་དཔེ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ། ཀུན་སྤྱོད་ལ་བརྟེན་ནས་རང་བཀུར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ། ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་མཁན་གྱི་མིག་དཔེ་བཅས་བྱས་ནས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པར་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།