རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་6ཚེས་23ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། རང་ལྗོངས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་2023ལོའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་གསན་པ་མ་ཟད། སོལ་རླངས་བདེ་འཇགས་གྲལ་བཤེར་གྱི་ཆེད་དོན་བཅོས་སྒྲིག་དང་དབྱར་ཁའི་གུང་གསེང་རིང་གི་འབྲུབ་དུས་བདེ་འཇགས་འགོག་ཟོན་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
རེན་ཝེ་ཡིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཏན་འཁེལ་ཟིན་པའི་ལས་དོན་གྱི་བཀོད་སྒྲིག་དང་དུས་རིམ་གྱི་བླང་བྱ་གཞིར་བཟུང་། ལས་འཛོལ་ཚབས་ཆེན་ཐོན་པའི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ། གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་ཁ་གསལ་བཟོ་བ། མཉམ་ཤུགས་ཆགས་པ་བཅས་བྱས་ནས་སོལ་རླངས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། འབྱུང་རྩ་ནས་དོ་དམ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། རང་བྱུང་སོལ་རླངས་སྤྱོད་མཁན་ཚན་པར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་ཏེ“ཆུང་གྲས་དགུའི”བྱེད་སྒོ་སྤེལ་ཡུལ་དང་བཟའ་བཏུང་ཁེ་ལས་སོགས་གཙོ་གནད་ཁུལ་གྱི་ལྷུ་ཚིགས་གལ་ཆེན་གྱི་བདེ་འཇགས་འགོག་ཟོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། མིག་སྔའི་དུས་ཚིགས་རང་བཞིན་གྱི་ཁྱད་ཆོས་དང་ལས་འཛོལ་ཐོན་པའི་ཆོས་ཉིད་ལ་གཞི་ཚུགས་ནས་དུས་ཆེན་དང་གུང་གསེང་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། མི་སྣ་འདུ་འཛོམས་ཆེ་ཁུལ་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། འབྲུབ་དུས་ཀྱི་གནོད་འཚེའི་ཉེན་ཁ་འགོག་ཟོན་དང་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་རྒྱག་པ། སྡོད་བྱ་སྡོད་རེས་དང་འཕྲལ་སྡོམ་ཐག་གཅོད་གྲ་སྒྲིག་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་འཛོལ་ཐོན་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་དགོས་ཞེས་ནན་བཤད་གནང་བ་རེད།