ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འདུ་ཤེས་འཛིན་སྟངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འདུ་ཤེས་འཛིན་སྟངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད(ཏང་ཙུའུ)ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་དམིགས་ཚད་དོ་དམ་དང་དཔྱད་ཞིབ་འགན་འཁྲི་བདའ་འདེད་བྱ་ཐབས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཁོང་གིས་འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་བ་དང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བ་མ་ཟད། ད་དུང་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོས་དུས་རབས་གསར་པའི་འདུ་ཤེས་འཛིན་སྟངས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། གདེང་ཚོད་བརྟན་པོ། སྙིང་སྟོབས་ཆེར་སྐྱེད། ཉེན་ཁ་སྔོན་འགོག འགོག་རགས་བརྟན་གཏོང་བཅས་ཀྱི་ཐད་ཤུགས་སྣོན་ཧུར་ཐག་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་སྟེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རྩ་བའི་ལས་འགན་ཁོང་དུ་ཏན་ཏིག་ཆུད་པ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་སྤྱི་དམངས་ཅན་དང་གོ་བདེ་ཤེས་སླ་ཅན་གྱི་དྲིལ་བསྒྲགས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲ་ཐོག་ཏུ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྒྱུད་བསྒྲགས་ལས་དོན་སྤེལ་བ་བཅས་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཟབ་སྦྱོང་དང་། མཐིལ་རྟོགས། དོན་འཁྱོལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་པ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་མུ་མཐུད་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་ཅན་ལ་བརྟེན་ནས་ཞིབ་འཇུག་འཆད་འགྲེལ་དང་། དྲིལ་བསྒྲགས་འོས་སྦྱོར། སྒྲོག་འགྲེལ་སློབ་གསོ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་འཐབ་ཇུས་རང་བཞིན་གྱི་ལས་འགན་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་བློ་སྦྱོང་བསླབ་སྐྱོང་བྱ་རྒྱུར་ཤུགས་རྒྱག་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”གྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཧུར་ཐག་དང་རང་འགུལ་ངང་སྤེལ་བ། ཡིད་ཆེས་བརྟན་གཏོང་དང་མཐུན་སྒྲིལ་ཡར་བརྩོན་གྱི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་བདེ་སྡོད་ཉེན་བསམ་མཐའ་འཁྱོངས་དང་། ཉེན་བརྡ་སྔོན་འགོག་དང་། དབྱེ་ཞིབ་བརྡར་གཅོད། ཐག་གཅོད་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དོ་དམ་ཚན་པས་གཙོ་གཉེར་དང་གཏོགས་ཁོངས་དོ་དམ་གྱི་རྩ་དོན་དོན་འཁྱོལ་ནན་པོ་བྱེད་པ། མཉམ་སྦྲེལ་དྲ་རྒྱ་དང་མཐོ་སློབ་སོགས་ཀྱི་གཡུལ་ས་གལ་ཆེན་དང་མི་རིགས་དང་། ཆོས་ལུགས། གསར་འགྱུར་སྨྱན་སྦྱོར། རིག་གནས་རིག་རྩལ་སོགས་ཁྱབ་ཁོངས་ལ་གསལ་ཐོ་རྣམ་པའི་དོ་དམ་བྱེད་པ་བརྒྱུད། ཉེན་ཁ་འགོག་ཟོན་དང་སེལ་བའི་རང་འགུལ་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་སྤེལ་བ་དང་། ཆོས་ལུགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ། “འཆལ་རྡུང་ལོག་སེལ”གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཐད་ཀྱི་འཐབ་རྩོད་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་རིམ་ཁག་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་དོ་ནན་དུ་གཏོང་བ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྱོགས་དམ་འཛིན་དང་། སྟོན་ཕྱོགས་དམ་འཛིན། གཡུལ་ས་དོ་དམ། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུ་སྒྲིལ་ཤུགས་དང་ཁྲིད་སྟོན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་ཚོགས་ཆུང་གིས་སྣེ་ཁྲིད་སྤྱི་འཛིན་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་པ། ཁོངས་མིའི་ཚན་པ་ཁག་གིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། དྲིལ་བསྒྲགས་སྡེ་ཚན་གྱིས་སྒྲིག་འཛུགས་མཐུན་སྦྱོར། འབྲེལ་ཡོད་སྡེ་ཚན་གྱིས་ལས་བགོས་འགན་འཁུར་བཅས་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་སྟེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པ་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་གཏིང་ཟབ་བྱས་ཏེ་འགན་འཁྲིར་བརྟེན་ནས་ལག་ལེན་ལ་སྐུལ་འདེད་དང་ལས་ཕྱོད་འདྲི་རྩད་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་དྲིལ་བསྒྲགས་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ཚན་པའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པར་འཁུར་དགོས་པའི་ནན་བཤད་གནང་བ་རེད།