ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།
མཱ་ཤིང་རུའེ་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཨེར་ཁེན·ཐུའུ་ཉི་ཡ་ཙེ་དང་། ལི་དབྱི་ཧྥེ། ཡན་ཅིན་ཧའེ་བཅས་ཞུགས་པ།
ཟླ་6ཚེས་20ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། འདི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བཞིན་པ།
ཟླ་6ཚེས་20ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། འདི་ནི་བཞུགས་མོལ་ཚོགས་འདུའི་ཚོགས་ར་ཡིན་པ།
● སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
ཚེས་20ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཤིང་རུའེ་ཡིས་གསུང་བཤད་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡ་ཙེ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་ལི་དབྱི་ཧྥེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་ཤིན་ཅང་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། བོད་ལྗོངས་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་རེད། ཨེར་ཁེན·ཐུའུ་ཉི་ཡ་ཙེ་དང་ལི་དབྱི་ཧྥེ་རྣམ་གཉིས་ཀྱིས་ཡན་ཅིན་ཧའེ་དང་ལྷན་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
མཱ་ཤིང་རུའེ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། པིང་ཐོན་བཅས་ཀྱི་ཚབ་ཞུས་ནས་བོད་ཀྱིས་དུས་ཡུན་རིང་པོའི་ནང་ཤིན་ཅང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་ཐེངས་བོད་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་ཡོང་བ་ལས་དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་མཛད་ཇུས་དང་བོད་སྐྱོང་མཛད་ཇུས་ནི་ང་ཚོས་ཤིན་ཅང་དང་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་གནད་དང་བླ་སྲོག་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་། དེང་སྐབས་བོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དོན་འཁྱོལ་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད་པ་དང་། ཤིན་ཅང་གིས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཤིན་ཅང་གི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས་གངས་ལྗོངས་ས་མཐོ་དང་ཐན་ཧྲན་རི་བོའི་ལྷོ་བྱང་དུ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། དུས་རབས་གསར་པའི་རྒྱང་ལམ་གསར་པར་ཤིན་ཅང་དང་བོད་ཀྱི་འཐབ་ཇུས་ངེས་གནས་དེ་བས་ཁ་གསལ་བ་དང་མཛེས་སྡུག་ལྡན་པའི་མདུན་ལམ་དེ་བས་འོད་སྟོང་འཕྲོ་བ་ཞིག་ཡོད། བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་གཏིང་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། མཐའ་མཚམས་མི་རིགས་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད། མཐའ་མཚམས་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་མཐའ་སྲུང་མཐའ་བརྟན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་ལམ་དང་ལྕགས་ལམ་སོགས་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གཏེར་ལས་དང་། དེང་རབས་ཞིང་འབྲོག་ལས། མི་རིགས་གསོ་རིག་སོགས་ཀྱི་ཕན་ཚུན་གསབ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཤིན་ཅང་དང་བོད་ཀྱི་རིག་གནས་དང་ཡུལ་སྐོར་གཞི་གཅིག་ཅན་གྱི་སྤུས་རྟགས་གཏོད་དགོས། ཕྱོགས་ཡོངས་ནས་འགྲོ་འོང་དང་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་འགོད་གལ་ཆེན་ཐེངས་མང་གནང་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་ལྗོངས་དང་ཤིན་ཅང་གཉིས་ཀ་ནུབ་རྒྱུད་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཁོངས་སུ་གཏོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། ཤིན་ཅང་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་བོད་ལྗོངས་དང་མཉམ་དུ་ཁྱབ་ཁོངས་དེ་བས་ཆེ་བ་དང་། རིམ་པ་དེ་བས་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཐོག་ནས་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ལྕགས་ལམ་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཤིན་ཅང་དང་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་མཉམ་དུ་བསྐྲུན་དགོས། ནུས་རྒྱུ་གཙང་མ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས། ཡང་བའི་བཟོ་ལས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཆར་འགོད་དང་ཐོན་རྫས་རྩེ་གྲ་གཏོད་པ་སོགས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་དུ་གཏོད་དགོས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁ་གསབ་དང་། སྐྱེ་ཁམས་སླར་གསོ། ལུགས་མཐུན་བཀོལ་སྤྱོད་སོགས་ལ་དམིགས་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་མཉམ་དུ་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་དང་ཁྲིམས་བཞིན་བཅོས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ་སོགས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི“འཆར་གཞི་ཁག་གསུམ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས་ཞེས་གསུངས་པ་རེད།
བོད་དུ་བཞུགས་རིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་། བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་བཅས་ལ་རྟོག་ཞིབ་གནང་བ་རེད།