ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ།
ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་གི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་སོགས་ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་རྒྱུ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱོད་གཙང་གི་དར་སྲོལ་དར་སྤེལ་གཏོང་བ། བབ་ཆགས་ཀྱི་སྤྱོད་ཚུལ་འཇགས་པར་བྱེད་པ། དམིགས་ཡུལ་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་དང་སློབ་བཤེར་སྒྱུར་གསུམ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། འཚོལ་བཤེར་དང་དག་ཐེར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བོད་ཀྱི་ཁྱད་ལྡན་ལེགས་ལྡན་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས“རི་བོ་གཉིས”ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་།གངས་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་དང་། ལྷོ་རི་བྱང་རིའི་་སྔོ་འགྱུར་ལས་གྲྭ་སྒྲིག་འཛུགས་ཞིབ་ཚགས། གཙང་པོ་དང་ཆུ་བོ་མཚོ་མཚེའུ་གལ་ཆེན་རྒྱུགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་བ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་ལེན་ཤུགས་ཆེན་བསྟར་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་ཇུས་འཆར་གཞི་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོན་པར་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། “རིག་ལྡན་མཐའ་སྲུང”འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དམག་བཀུར་ཁྱིམ་སྐྱོང་དང་དམག་ཞབས་ཐིམ་པའི་དམག་མི་ལས་ཞུགས་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བ་འགན་ལེན་ཏན་ཏིག་བྱེད་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས། བོད་ཀྱི་རིག་གནས་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། མི་རིགས་ཁག་གི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། རིག་གནས་དམངས་ཕན་དང་རིག་གནས“མཐའ་དར”སོགས་ཀྱི་འདུ་འགོད་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དང་། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་རེད”ཅེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མི་དམངས་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་འགྲོ་བའི་དབང་ཆར་འགན་ལེན་ཏན་ཏིག་བཅས་བྱས་ཏེ་མི་དམངས་ནི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ནང་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་གཙོ་བོར་འགྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ཚད་ལྡན་ཅན་གྱི་གཉེར་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ཤིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱི་ལྟ་འདོམས་སྡེ་ཚན་གྱིས“བདག་དབང་ཁ་གསལ་དུ་གཏོང་བ་དང་། གཉེར་སྐྱོང་དབང་ཆ་ལྷུག་ཏུ་གཏོང་བ། དོ་དམ་དབང་ཆ་ཆེ་རུ་གཏོང་བ། ལྟ་སྐུལ་བྱེད་དབང་དོན་འཁྱོལ་བྱེད་པ། ཐག་གཅོད་བྱེད་དབང་ཚད་ལྡན་དུ་གཏོང་བ”བཅས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་གཞུང་ཁོངས་ཁེ་ལས་ཀྱི་དབང་ཆ་ཚད་ལྡན་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་སྟེ་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་རྒྱུ་གཅིག་གྱུར་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས“གལ་ཆེན་གསུམ་དང་འབོར་ཆེན་གཅིག”དང་གནད་དོན་གལ་ཆེའི་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཏང་གི་འགོ་ཁྲིད་འོག་གཞུང་ཁོངས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས། བཀོད་ཇུས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། གྲངས་འཛིན་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པ། ཚད་ལྡན་ཅན་དང་། ཆེད་ལས་ཅན། ཐོན་ལས་ཅན། ཚོགས་པ་ཅན་བཅས་ཀྱི་ཐད་འབད་བརྩོན་བྱེད་པ། སྲིད་གཞུང་དང་ཁེ་ལས་ལོགས་དབྱེ་མཐའ་འཁྱོངས། གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གཅིག་སྡུད་གཅིག་གྱུར་གྱིས་དོ་དམ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་སྒོ་གཙོ་བོར་དམ་འཛིན་དང་གཙོ་ལས་རང་གཉེར་བྱེད་པ། ཁེ་ལས་ཀྱི་གཉེར་སྐྱོང་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཅས་བཏང་སྟེ་གཞུང་ཁོངས་ཁེ་ལས་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ལྟ་འདོམས་སྡེ་ཚན་གྱིས་མ་དངུལ་གྱི་ལྟ་འདོམས་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། དོན་ཆེན་ཐོག་ལྟ་འདོམས་ཡག་པོ་བྱེད་པ་དང་ལྟ་འདོམས་གནད་འཁེལ་བཅས་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩིས་བཤེར་ལས་ཁུངས་ཀྱིས“འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་ཏེ། དུས་འཁོར་ཧྲིལ་པོའི་ལྟ་འདོམས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་། ལྟ་འདོམས་སྣ་ཚོགས་སྦྲེལ་མཐུད་མཐུན་སྦྱོར་དང་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་བཏང་ནས་ལྟ་འདོམས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོན་པར་བྱེད་དགོས།