ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆི་སོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་སྐུ་མགྲོན་དང་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པའི་ཁོངས་མི་དང་ཧན་གོའི་སྐུ་མགྲོན་ལ་མཇལ་འཛོམས་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོ་བཅས་ཀྱིས་ལྷ་སར་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་གདན་དྲངས་པའི་མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའི་པུའུ་ཀྲང་པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་དང་། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཐང་ཀའི་གཞུང་ཚབ་ཆེ་མོ་བ་ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ་དང་། མ་ཏ་ཀ་སི་ཁར་དང་། བྷང་ག་ལ། ཝ་ནུ་ཨ་ཐུ། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ། སི་རི་ཡ། དབྱི་རག པོ་ཚི་ཝ་ན་སོགས་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པའི་ཁོངས་མི་དང་། དེ་བཞིན་ཧན་གོའི་གྲོས་མིའི་འཐུས་མི་ཚོགས་པའི་ཚོགས་གཙོ་ཏུའུ་ཀྲུང་ཧོན་བཅས་པར་མཇལ་འཛོམས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྕགས་རྭ་བློ་བཟང་བསྟན་འཛིན་དང་ལུའོ་མེ་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་དང་བཅས་པ་བོད་དུ་འཚམས་འདྲིར་ཕེབས་ནས་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ། ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། དེ་བཞིན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ཉམས་མྱོང་དང་བྱ་ཐབས་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོའི་བོད་ལྗོངས་དང་མོང་གོལ་དབར་ལེ་དབར་སྟོང་གིས་ཆོད་ཀྱང་ཕན་ཚུན་འགྲོ་འོང་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། མོང་གོལ་ནི་ཀྲུང་གོའི་བོད་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན་པས་ང་ཚོས་ཀྲུང་དབྱང་གིས་ཕྱི་ཕྱོགས་ལ་འཛིན་པའི་མཛད་ཕྱོགས་དང་མོང་གོལ་ལ་འཛིན་པའི་སྲིད་ཇུས་ལག་ལེན་ནན་པོ་བསྟར་ནས་ཡུལ་སྐོར་དང་། མི་ཆོས། བོད་ཀྱི་གསོ་བ་རིག་པ་སོགས་ཐད་ཀྱི་མོང་གོལ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་གི་ཡིན། འཐུས་མི་ཚོགས་པ་དང་བཅས་པས་ལྟ་སྐོར་མང་ཙམ་བྱས་ཏེ་དེ་བས་དར་རྒྱས་དང་སྒོ་དབྱེའི་བོད་ལྗོངས་མོང་གོལ་གྱི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་ངོ་སྤྲོད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཁྲེན་ཡུང་ཆིས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དུས་རབས་གསར་པའི་ལོ་བཅུ་ལྷག་ཙམ་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པ་དང་བཅས་པས་བོད་དུ་ལྟ་སྐོར་མང་ཙམ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རང་ངོ་མས་མྱོང་ཚོར་དང་ཤེས་རྟོགས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་རང་རེའི་རྒྱལ་ཁབ་ཀྱི་དམངས་ཚོགས་དང་འཛམ་གླིང་མི་དམངས་ལ་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད། ང་ཚོས་ལྷན་རྒྱས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་སྟེ་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
བསྟན་ཁོས། བོད་རང་སྐྱོང་ལྗོངས་ཀྱིས་ཧན་གོའི་ས་གནས་དབར་གྱི་མཛའ་གྲོགས་སྤེལ་རེས་བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱོགས་གཉིས་པོའི་དབར་སྤེལ་རེས་ཀྱང་བྱེད་ཀྱི་ཡོད། གྲོས་མི་ཚོས་རང་ངོས་ཀྱི་ཤུགས་རྐྱེན་ནུས་པ་སྤྱད་དེ་འབྲེལ་ཟམ་གྱི་ནུས་པ་བཏོན་ནས་བོད་རང་སྐྱོང་ལྗོངས་དང་ཧན་གོའི་ས་གནས་དབར་རིག་གནས་དང་ཡུལ་སྐོར་སོགས་ཀྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་བོད་ལྗོངས་ཕྱོགས་ཡོངས་དང་། དངོས་ཡོད། ཇི་མ་ཇི་ བཞིན་བཅས་ཀྱི་སྒོ་ནས་ཧན་གོའི་དམངས་ཚོགས་ལ་ངོ་སྤྲོད་བྱས་ཏེ། ཧན་གོའི་གྲོགས་པོ་དེ་བས་མང་བ་བོད་དུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་ཡོང་ནས་ཀྲུང་གོ་དང་ཧན་གོའི་དམངས་ཁྲོད་ཀྱི་མཛའ་བརྩེ་དང་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
པ་ཐེ་ཝུའུ་ལི་ཅི·པ་ཐེ་ཨེར་ཏེང་དང་། ཐའོ་ཨ་དབྱི་ཁ·ཝུའུ་ཐ་ཨ་ཐུའུ། ཏུའུ་ཀྲུང་ཧོན་བཅས་ཀྱིས་བོད་ལྗོངས་འགྲེམས་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བར་གཅིག་རྗེས་གཉིས་མཐུད་ངང་རྟེན་འབྲེལ་ཞུས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་ཀྲུང་གོའི་བོད་ལྗོངས་ལ་གྲུབ་འབྲས་ཐོབ་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ། ཀྲུང་གོའི་བོད་ལྗོངས་དང་ཕན་ཚུན་འགྲོ་འོང་དང་ཉམས་མྱོང་སྤེལ་རེས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཉམ་ལས་གཉིས་ཕན་ཡོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།