དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡོན་ཅེ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-21

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཡོན་ཅེ་བཅས་པ་དང་བཞུགས་མོལ་གནང་བ་དང་འབྲེལ་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་དཔང་པོའང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤའོ་ཡིའུ་ཚའེ་དང་། ཟླ་བ་ཚེ་རིང་། ཝང་ཡུང་། དེ་བཞིན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པའི་འགོ་ཁྲིད་ལིའུ་ཀྲུའུ་ཕིང་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཡོན་ཅེ་དང་བཅས་པར་དགའ་བསུ་ཞུས་ཤིང་། ཁོང་གིས། ཆ་འཕྲིན་ལག་རྩལ་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པའི་རྨང་གཞི་བརྟན་པོ་དང་ཤེས་ལྡན་པ་དང་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་དང་ནུས་རྒྱུ་གཙང་མའི་རྟེན་གཞི་ཡིན་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ལ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ཡང་རྒྱ་ཆེན་པོ་ལྡན་ཡོད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པས་ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་ཁྱབ་ཁོངས་དེ་བས་ཆེ་བ་དང་། རིམ་པ་དེ་བས་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་བོད་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་བ་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། ཆ་འཕྲིན་ལག་རྩལ། ཡང་བའི་བཟོ་ལས་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བར་སྐུལ་འདེད། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་སྒྱུར་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། ཆ་འཕྲིན་ལག་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་སྲིད་དོན་ཞབས་འདེགས་ཆ་འཕྲིན་ཅན་དང་། ཚད་ལྡན་ཅན། གྲངས་འཛིན་ཅན་བཅས་ཀྱི་མ་ལག་འཛུགས་སྐྱོང་ལ་རམ་འདེགས་བྱས་ཏེ་སྲིད་དོན་ཞབས་འདེགས་སྔར་བས་སྟབས་བདེ་དང་ལས་ཕྱོད་ཆེ་བར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་བ་དང་སྟབས་བདེ་ཡོང་བར་བྱས་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཤེས་ལྡན་པའི་འདེགས་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་མཐོ་སློབ་དང་ཚན་ཞིབ་ཁང་གིས་མཉམ་དུ་ཚན་ཞིབ་རྣམ་གྲངས་ཀྱི་མཉམ་ལས་བྱས་ནས་བོད་ལ་མཐོ་རིམ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་རོགས་དང་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་བོད་དུ་བྱས་རྗེས་འཇོག་པར་མངགས་ནས་ཤེས་ལྡན་མི་སྣ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རིང་ཞུགས་སུ་བཅུག་སྟེ་མི་ཚེར་ཉམས་བཟང་ལྡན་པར་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་མུ་མཐུད་ལེགས་སྒྱུར་དང་འབྲེལ་ཟམ་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ཞབས་འདེགས་འགན་སྲུང་གི་ལས་དོན་ཁག་གཏིང་ཟབ་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་མཉམ་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    ཡོན་ཅེས། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་བཏོན་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།