ཝང་ཅུན་ཀྲེང་གིས་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་གོ་གཡོད་བཅས་པ་དང་བཞུགས་མོལ་གནང་བ།
ཡན་ཅིན་ཧའེ་ཞུགས་པ།
འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་གོ་གཡོད་བཅས་པ་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་གོ་གཡོད་བཅས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། རེན་ཝེ། ཟླ་བ་ཚེ་རིང་། ཝེ་ཤིའུ་ཁྲང་བཅས་དང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་འགོ་ཁྲིད་ཕེང་ཧྲུའུ་ཁྲེན་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལིའུ་གོ་གཡོད་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་བོད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། དཔལ་འབྱོར་གྱི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་ཧུར་ཐག་ཁུར་ནས་རང་འགུལ་ངང་བོད་ཀྱི་གསར་སྤེལ་དང་འཛུགས་སྐྲུན་ནང་ཞུགས་ཏེ་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། ཤེས་ལྡན་པ་སྤེལ་རེས་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། བོད་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་བོད་དང་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་དགེ་སྤེལ་སྐྱོན་སྤང་དང་ལེགས་ཆ་གསབ་རེས་ཀྱིས་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པའི་རེ་བ་ཡོད། རང་ངོས་ཀྱི་ལེགས་ཆ་འདོན་པ་དང་། ཆུ་འོད་རླུང་ཚ་གསབ་རེས་དང་གློག་ཁུངས་དང་། གློག་དྲ། ཐེག་ཚད། གསོག་ནུས་བཅས་གཞི་གཅིག་མཐའ་འཁྱོངས་བྱེད་པ། ཆུ་གློག་དང་། འོད་ཤུགས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མ་བདེ་འཇགས་ནུས་ཆེའི་ངང་རྒྱུན་མཐུད་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བཅས་བྱས་ནས། བོད་ཀྱིས་ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་རོགས་རམ་བྱེད་དགོས། གསར་སྤེལ་དང་ཐེག་ནུས་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ་དང་། གློག་དྲ་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། བོད་གློག་ཕྱིར་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གསོག་ནུས་གསར་པ་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་ཀྱིས་ནུས་རྒྱུ་གསར་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་རམ་འདེགས་བྱེད་དགོས། ཁ་གཏད་བོད་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཤེས་ལྡན་པའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་བ”མཐའ་འཁྱོངས་བྱེད་པ། “བརྒྱུད་རོགས་ཁྲིད་གསུམ”བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པའི་རྒྱ་ཆེའི་ཤེས་ལྡན་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། བོད་ཀྱིས་ཁེ་ལས་བོད་དུ་འཕེལ་རྒྱས་འགྲོ་བར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ནས་ཞབས་འདེགས་མུ་མཐུད་ཡག་པོ་ཞུ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ལིའུ་གོ་གཡོད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་དུ་འཕེལ་རྒྱས་འགྲོ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཧུར་ཐག་ཞུགས་པ་དང་། བོད་དུ་ཡོད་པའི་ཐོན་ལས་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།