ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པས་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུངས་པ་དང་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཚེས་16ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པས་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས་བོད་ཀྱི་འགྲེམས་ཚོགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་སྨོན་འདུན་ཞུས་པ་རེད།
ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ·ཏི་སྨིར་ཤིས་ནཱ་དང་། མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའི་པུའུ་ཀྲང་པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཐང་ཀའི་གཞུང་ཚབ་ཆེ་མོ་བ་ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་གྱི་ལས་བགོས་འགན་འཁུར་པུའུ་ཀྲང་གཞོན་པ་དང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧུའུ་ཧོ་ཕིང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་དང་ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེན་དབྱི་མིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་བཅས་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་པ་དང་ཤིས་ཚིག་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གདན་ཞུས་ལྟར་བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འགོ་ཁྲིད་བློ་མཐུན། གྲགས་ཅན་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་ཅན་བཅས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། ཚང་མར་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུང་དོན། 2014ལོ་ནས་བཟུང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་དེ་ཉིད་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་སྐར་ཁུང་དང་། བོད་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ལས་སྟེགས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་གསེར་གྱི་མིང་བྱང་བཅས་སུ་གྱུར་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། བོད་ཀྱི་དུས་རབས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། རྒྱལ་སྤྱིའི་ཁྱད་ཆོས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དེ་བས་ལེགས་པ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་མགྱོགས་མྱུར་སྐྱོད་ཐུབ་པ་བྱེད་རྒྱུ་དེ་རེད།
ཝང་ཅུན་ཀྲེང་གིས་གསུང་དོན། དེང་གི་བོད་ལྗོངས་ཀྱིས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་རྒྱ་ཆེར་གཏོང་བ་དང་། སྒོ་དབྱེར་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་འདུ་བ། སྒོ་དབྱེར་བརྟེན་ནས་གསར་གཏོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྒོ་དབྱེར་བརྟེན་ནས་མཉམ་སྤྱོད་ཀྱི་བདེ་སྐྱིད་དོན་གཉེར་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་གང་མགྱོགས་སྐྲུན་བཞིན་ཡོད། དུས་རབས་གསར་པར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ང་ཚོར་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་དང་སྒོ་དབྱེའི་གདེང་ཚོད་ཆེན་པོ་ལྡན་ཡོད། ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཁེ་ལས་ཁག་གིས་བོད་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ང་ཚོ་དང་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་གོང་འཕེལ་ཡོང་ཐབས་བྱེད་པར་སྙིང་དབུས་ནས་དགའ་བསུ་ཞུ་རྒྱུ་དང་། སྐུ་མགྲོན་རྣམ་པས་བོད་ཀྱི་འཕེལ་རྒྱས་ལ་ཐབས་དང་ཇུས་འདོན་པ་དང་བློ་རིག་གཅིག་སྡུད་བྱེད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ང་ཚོས་ལས་དོན་སྔར་བས་ཡག་པོ་བསྒྲུབ་པར་རོགས་རམ་གནང་རྒྱུའི་རེ་བ་ཡོད།
ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་གཞོན་པ་དང་ཀྲེ་ཅང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཅིན་ཚང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་དེ་བཞིན་ཅི་ལིན་དང་། ཧྥུའུ་ཅན།ཧྲན་ཏུང་། ཧུའུ་ནན། ཁྲུང་ཆིང་། ཡུན་ནན། ཀན་སུའུ། མཚོ་སྔོན། ཤིན་ཅང་སོགས་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་དང་ཞིང་ཆེན་བཅས་རིམ་པའི་འགོ་ཁྲིད་བློ་མཐུན་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།