གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
ཚེས་12ཉིན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་རྒྱུན་ཨུ་དང་ཧྲུའུ་ཅིའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་དང་། ཀྲོའུ་དབྱི་ཧྥུང་གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་ཧྲུའུ་ཅིར་བདམས་པ་དང་། བློ་མཐུན་ཀུའུ་ཧྲུའུ་ཧྭ་དང་། ཧོ་ཧྭ། ཟླ་བ་ཚེ་རིང་། པད་མ་སྒྲོལ་དཀར། ལེ་ཡིའུ་ཅུན། ཆོས་འཛོམས། ནོར་བུ་གཡང་འཛོམས་བཅས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་ཧྲུའུ་ཅི་གཞོན་པར་བདམས་པ། མཱ་ཅན་གོ་སོགས་བློ་མཐུན་18གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་གསར་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་རེད།
ཚོགས་འདུར་ལའེ་ཅའོ་ཡིས། ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བདམས་ཐོན་བྱུང་བའི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་གསར་པའི་ཨུ་ཡོན་དང་འགོ་ཁྲིད་ཚན་ཁག་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་བརྟེན་ནས་སྡེ་ཚོགས་འཛུགས་པ་མཐའ་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་རྩ་བའི་ལས་འགན་དུ་བརྩིས་ནས་རྒྱ་ཆེའི་གཞོན་ནུར་རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཆེད་འབད་འཐབ་བྱེད་པར་ཁྲིད་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། འབྲེལ་མཐུད་བྱེད་ས་དང་། འགོ་འཛུགས་ས་དང་། ཤུགས་རྒྱག་ས་བཅས་བཙལ་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་ཁྲོད་དུ་བཞག་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། “གཞོན་ནུ་དང་བླངས་པ”དང་། “གཞོན་ནུ་ཡ་རབས་ཅན” “གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན”སོགས་ཀྱི་སྤུས་རྟགས་རྒྱུན་མཐུད་གཏོད་པ། “རྒྱལ་སྟོབས་འཕེལ་བར་ང་ཡིས་འབད”པའི་གཞོན་ནུའི་དམ་བཅའ་སེམས་ལ་བརྟན་པོར་ངེས་ཏེ་གཞོན་ནུའི་གསོན་ཤུགས་དམག་དང་འཕྲུལ་སྒྲུབ་རུ་ཁག་གི་ནུས་པ་ཡག་པོ་འདོན་དགོས། མང་ཚོགས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་དང་། བརྩེ་སེམས་འཆང་བ་དང་། འགན་འཁྲི་འཁུར་བ། ལས་འགན་སྒྲུབ་པ་བཅས་ཀྱི་སྒོ་ནས་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་གཞོན་ནུ་དང་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ། གཞོན་ནུའི་གྲོགས་པོ་ལས་གཞོན་ནུའི“དཔོན་པོ”མི་བྱེད་པ་བཅས་ཀྱིས་གུང་གཞོན་སྡེ་ཚོགས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་གཞོན་ནུས་ཡིད་ཆེས་བྱེད་ས་དང་། བློ་གཏད་བཅོལ་ས། ཁ་འབྲལ་ཐབས་མེད་པ་བཅས་ཀྱི“སྙིང་ཉེ་བ”ཞིག་ཏུ་འགྱུར་བ་བྱས་ནས་བོད་ཀྱི་གུང་གཞོན་སྡེ་ཚོགས་བྱ་གཞག་ལ་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།