དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་ལས་དོན་གྱི་ཇུས་གཞི》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-15

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་ལས་དོན་གྱི་ཇུས་གཞི》(གཤམ་དུ《ལས་དོན་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་ཐོན་ལས་འཁོར་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། ཁེ་ལས་མི་འདྲ་བའི་ལེ་ལག་ཚང་བའི་རོགས་ལས་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་ཟམ་མི་ཆད་པར་སྣུར་སྲིང་དང་། རིན་ཐང་གི་འཁོར་འབྲེལ་མཐོར་གཏོང་། མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་བཅས་བྱེད་པ། ཐོན་ལས་འཁོར་འབྲེལ་དེ་དམའ་བ་ནས་འབྲིང་མཐོའི་བར་དུ་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོང་འོག་འབྲེལ་མཐུད་དང་། ཐོན་ལས་ཕན་ཚུན་འབྲེལ་མཐུད་འཕེལ་རྒྱས། འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེན་པོ་ལྡན་པའི་ལེགས་ལྡན་ཐོན་ལས་འཁོར་འབྲེལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

    《ལས་དོན་ཇུས་གཞིའི》ནང་། རང་ལྗོངས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་ཁོངས་སུ་ཟངས་ཀྱི་ཐོན་ལས་འཁོར་འབྲེལ་དང་། ལིས་ཐོན་ལས་འཁོར་འབྲེལ། བོད་ལུགས་གསོ་རིག་གི་ཐོན་ལས་འཁོར་འབྲེལ། ཀུན་སྤྱོད་མཁའ་འགྲུལ་གྱི་ཐོན་ལས་འཁོར་འབྲེལ། རང་བྱུང་འཐུང་ཆུའི་ཐོན་ལས་འཁོར་འབྲེལ། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་དང་སྒྲིག་སྦྱོར་རྣམ་པའི་སྐྲུན་དངོས་ཐོན་ལས་འཁོར་འབྲེལ། རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ། ཞིང་འབྲོག་ཐོན་རྫས་དང་དེ་བཞིན་བཟའ་བཅའི་ལས་སྣོན་ཐོན་ལས་འཁོར་འབྲེལ་སོགས་ཐོན་ལས་འཁོར་འབྲེལ་ཆེན་པོ་8ཚུད་ཡོད་པ་མ་ཟད། རང་ལྗོངས་ཀྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཁག་བདུན་བཏོན་པའི་ནང་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་བྱ་སྤྱོད་དང་། རྐང་འཛིན་ཁེ་ལས་སྐྱེད་སྲིང་གི་བྱ་སྤྱོད། སྟོབས་ཆེན་ནང་འདྲེན་གྱི་རིམ་སྤོར་བྱ་སྤྱོད། ཚན་རྩལ་གསར་གཏོད་རིམ་སྤོར་གྱི་བྱ་སྤྱོད། གླིང་ཁུལ་ལས་སྟེགས་འཛུགས་སྐྲུན་གྱི་བྱ་སྤྱོད། མཁོ་སྤྲོད་འཁོར་འབྲེལ་མཉམ་རུབ་འཕེལ་རྒྱས་ཀྱི་བྱ་སྤྱོད། དངུལ་རྩའི་མ་གནས་ལ་རམ་འདེགས་ཀྱི་བྱ་སྤྱོད་བཅས་ཚུད་ཡོད།

    《ལས་དོན་ཇུས་གཞིའི》ནང་ཁ་གསལ་བཏོན་དོན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ལྗོངས་ཡོངས་ཀྱི་ཐོན་ལས་འཁོར་འབྲེལ་གྱི“སྤྱི་ཁྱབ་འཁོར་འབྲེལ་དཔོན”གྱི་འགན་འཁུར་བ་དང་། ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་ཐོན་ལས་འཁོར་འབྲེལ་གྱི“འཁོར་འབྲེལ་དཔོན”གྱི་འགན་འཁུར་བ། སྣེ་ཁྲིད་འགན་འཁྲིའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཐོན་ལས་འཁོར་འབྲེལ་གྱི“ལག་བསྟར་འཁོར་འབྲེལ་དཔོན”གྱི་འགན་འཁུར་བ། འབྲེལ་ཡོད་འགན་འཁྲིའི་སྡེ་ཚན་གྱིས་ལས་བགོས་མཉམ་སྒྲུབ་བཅས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་མ་ཟད། འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་ཡང་བཙུགས་ནས་ཐོན་ལས་འཁོར་འབྲེལ་ཁག་གི་འཁོར་འབྲེལ་འཛུགས་པ་དང་། སྣུར་སྲིང་། གསབ་པ། ཆེར་གཏོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང་། སྣེ་ཁྲིད་འགན་འཁྲིའི་སྡེ་ཚན་གྱིས་ཐོན་ལས་འཁོར་འབྲེལ་གཞུང་དོན་ཁང་བཙུགས་ནས་ཐོན་ལས་འཁོར་འབྲེལ་གྱི་སྐྱེད་སྲིང་ཇུས་གཞི་བཟོ་རྒྱུ་མ་ཟད། སྤྱིའི་དམིགས་ཚད་དང་། ལས་འགན། བྱ་ཐབས་བཅས་ལོ་འཁོར་གྱི་འཆར་གཞིའི་ནང་ཞིབ་ཚགས་སུ་བཏང་སྟེ་ལོ་འཁོར་གྱི་འཆར་གཞི་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱེད་རྒྱུ། གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ངེས་གནས་འཚོལ་མཁས་པོ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ། ལས་དོན་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་རྒྱུ་བཅས་རེད།

    《ལས་དོན་ཇུས་གཞིའི》ནང་བླང་བྱ་བཏོན་དོན། སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་མི་སྣ། ས་ཆ་སོགས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་གནད་ཐོན་ལས་འཁོར་འབྲེལ་ཕྱོགས་སུ་གཅིག་སྡུད་བྱེད་རྒྱུར་སྤྱི་འདོམས་ཁྲིད་སྟོན་གྱིས་ནོར་སྲིད་མ་དངུལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མ་དངུལ་གྱི་འགན་ལེན་བྱེད་དགོས། ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་ཁག་གི་ལས་དོན་འཕེལ་རྒྱས་འགྲོ་ཚུལ་དུས་བཀག་བཞིན་བཀོད་གཏོང་། ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་གྱིས་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་རྒྱབ་སྐྱོར། ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།